རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-01   རྩོམ་ཁུངས།    藏地阳光
ལི་ཐང་རྫོང་གི་གནས་སྒོ་དགོན་པའི་ཐང་སུང་དུས་སྐབས་ཀྱི་ཞལ་བཅུ་གཅིག་པའི་སྤྱན་རས་གཟིགས་ཀྱི་ཤིང་བརྐོས་ལྷ་སྐུ།
理塘冷谷寺唐宋时期十一面木雕观音像
ལི་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་རྫོང་སྲིད་གཞུང་མཐོ་གྲོང་གྲོང་རྡལ་དུ་གནས་ཡོད། རྒྱུན་སྡོད་མི་གྲངས་ཁྲི་བདུན་ལྷག་ཡོད་དེ་བོད་རིགས་དང་རྒྱ་རིགས། སོག་རིགས་སོགས་མི་རིགས་དགུ་འཚོ་སྡོད་བྱས་ཡོད། རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་འཁྲུངས་ཡུལ་ཡིན་ལ། ལི་ཐང་རྫོང་ལ་རྟ་རྩལ་གྱི་ཕ་ས་དང་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བོ་འདུལ་བའི་ཕ་ས། གེ་སར་གྱི་མི་རྒྱུད་དར་ས། རྟ་ཐོག་གི་མི་རིགས། ཁམས་པའི་ཕོ་རྒོད་འདུ་གནས་བཅས་ཀྱི་མཚན་སྙན་མང་།
ལི་ཐང་ལ་ད་དུང་མཆོད་རྟེན་དཀར་པོའི་སྤྱི་གླིང་དང་བྲག་དཀར་གནས་རི། གེ་མོའི་རང་བྱུང་སྲུང་སྐྱོང་ཁུལ་དང་མཚོ་ལའི་རང་བྱུང་མཛེས་ལྗོངས་ཁུལ། འབུམ་ཡག་རྩྭ་ཐང་ཆེན་མོ་དང་འབུམ་ཡག་རང་བྱུང་ཆུ་ཚན། ལི་ཐང་ལྷ་མོའི་ཟློས་གར། ལི་ཐང་པར་ཁང་། དགེ་བསྙེན་གནའ་སྤོས་བཟོ་རྩལ། སྐོར་བྲོ་དང་ལ་གཞས་སོགས་ཕུན་སུམ་ཚོགས་པའི་མཛེས་ལྗོངས་དང་ཡུལ་སྲོལ་རིག་གནས་ཡོད།
ཤིང་བརྐོས་སྐུ་བརྙན་གྱི་དབུ།
དེ་ཡང་ལི་ཐང་རྫོང་གི་གནས་སྒོ་དགོན་པ་ནི་རྫོང་གི་ཉེ་འགྲམ་གྱི་ལུང་ཁུག་ཅིག་ཏུ་གནས་ཡོད་ལ། རྒྱབ་ངོས་སུ་མཚོ་འཕགས་ལ་སྨི་5807ཡོད་པའི་ཞག་བྲ་རི་བོ་དང་མདུན་ངོས་སུ་མཚོ་འཕགས་ལ་སྨི་6224ཡོད་པའི་དགེ་བསྙེན་གནས་རི་ཡོད། རི་བོ་འདིའི་མཐའ་སྐོར་དུ་སྤྱི་ལེ་གྲུ་བཞི་མ་1200ཙམ་ཡོད་པ་དང་། དེ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་མཆོག་ཡིན་པའི་ངག་རྒྱུན་དང་བཤད་སྲོལ་ཡོད། ལེང་ཀུའུ་ཡི་དོན་ནི་གནས་མཆོག་གི་སྒོ་མོ་ཡིན་པ་དང་། ཀརྨ་བཀའ་བརྒྱུད་པའི་དུས་གསུམ་མཁྱེན་པས་སྤྱི་ལོ་1164ལོར་གསར་དུ་བཙུགས་པ་དང་། ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་རྒྱས་སྐྲུན་མཛད་ནས་ཀརྨ་བཀའ་བརྒྱུད་ཀྱི་དགོན་ཆེན་གསུམ་གྱི་ཡ་གྱལ་དུ་གྱུར་ལ། དགོན་པ་རུ་དགེ་འདུན་པ་མང་བའི་སྐབས་སུ་མི་2000ལྷག་ཡོད།
ལི་ཐང་གནས་སྒོ་དགོན་པར་ཉར་ཚགས་བྱས་པའི་ཞལ་བཅུ་གཅིག་ཅན་གྱི་སྤྱན་རས་གཟིགས་ཀྱི་སྐུ་བརྙན། དབང་འདུས་ཀྱིས་པར་བླངས།
དགོན་པའི་ར་བསྐོར་ནང་ན་མཐོ་ཚད་ལ་སྨི་0.07ལྷག་ཡོད་པའི་ཞལ་བཅུ་གཅིག་ཅན་གྱི་སྤྱན་རས་གཟིགས་ཀྱི་ཤིང་བརྐོས་ལྷ་སྐུ་ཞིག་ཡོད། “ཤིང་བརྐོས་རིག་དངོས་དེ་ནི་ཧ་ལམ་སྤྱི་ལོའི་དུས་རབས་བརྒྱད་པའི་སྐབས་སུ་རྒྱ་ནག་གིས་བཟོས་པའི་ཐང་རྒྱལ་རབས་དུས་སྐབས་ཀྱི་བརྩམས་ཆོས་ཡིན་ལ། ཞལ་བཅུ་གཅིག་ཅན་གྱི་སྤྱན་རས་གཟིགས་ཀྱི་ཤིང་བརྐོས་ལྷ་སྐུ་དེ་དགོན་པ་བཞེངས་བསྐྲུན་བྱས་པ་ལས་ལོ་300ལྷག་གིས་སྔ”ཞེས་ཀྲུང་གོའི་མིང་དུ་གྲགས་པའི་ནང་བསྟན་གནའ་རྫས་རྟོག་ཞིབ་མཁས་པ་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་གིས་བཤད། རྒྱལ་ནང་གི་ཆེས་སྔ་བའི་ཞལ་བཅུ་གཅིག་ཅན་གྱི་སྤྱན་རས་གཟིགས་ཀྱི་བརྐོས་བརྙན་རིག་དངོས་དེ་ལུང་མིན་བྲག་ཕུག་ཏུ་ཡོད་པ་དང་ཝུའུ་ཙེ་ཐེན་གྱི་དུས་སྐབས་སུ་བརྐོ་བཟོ་བྱས་ནས་ལེགས་གྲུབ་བྱུང་། ཞལ་བཅུ་གཅིག་ཅན་གྱི་སྤྱན་རས་གཟིགས་ཀྱི་ཤིང་བརྐོས་ལྷ་སྐུ་གསར་རྙེད་བྱུང་བ་འདིས་བོད་རྒྱ་མི་རིགས་གཉིས་བར་དུས་རབས་8པའི་སྐབས་ནས་བཟུང་ནང་བསྟན་རིག་གནས་སྤེལ་རེས་ཡོད་པ་མཚོན།
ཤིང་བརྐོས་སྐུ་བརྙན།
“རིང་ཚད་ལ་སྨི་0.04དང་ཞེང་ཚད་ལ་སྨི་0.013དང་། མཐུག་ཚད་ལ་སྨི་0.014ཅན་གྱི་བཀའ་བརྒྱུད་པའི་སྲོལ་གཏོད་མེས་པོའི་ཤིང་བརྐོས་ལྷ་སྐུ་འདིར། ཁ་མི་ཚང་བ་དང་ཆག་སྐྱོན་འགའ་རེ་ཡོད་མོད། དེ་ནི་དུས་རབས་བཅུ་གཉིས་པ་ནས་བཅུ་གསུམ་པའི་བར་གྱི་བརྩམས་ཆོས་རེད”ཅེས་ཝུན་ཡུས་ཁྲེང་གིས་ཤིང་བརྐོས་ལྷ་སྐུ་ལ་བལྟས་ནས་བཤད། རྒྱབ་ངོས་ཀྱི་མགོ་དང་སྐུ་ལུས་ཚང་མར་ཁུང་མང་པོ་ལུས་ཡོད་པ་འདི་ནི་ཕལ་ཆེར་ཀརྨ་བཀའ་བརྒྱུད་པའི་ཆེས་སྔ་བའི་མེས་པོའི་སྐུ་བརྙན་ལས་གཅིག་ཡིན་པ་དང་དེ་ལ་རིག་གཞུང་གི་རིན་ཐང་ཆེན་པོ་ཡོད། མེས་པོའི་དབུ་བརྙན་ཤིང་བརྐོས་འདི་ནི། སྤྱན་གཉིས་ཀྱིས་འོག་ཏུ་གཟིགས་པ་དང་མཆུ་ཅུང་ཟད་ཟུམ་པའི་རྣམ་པ་འདུག །རྣམ་འགྱུར་སྒམ་ལ་བརླིང་ལྡན་པ་དང་ཞལ་ངོས་སུ་ཚོན་བྲིས་དང་གསེར་ཆུ་བྱུག་པའི་རྗེས་ཤུལ་ལུས་ཡོད་པ་སོགས་ངོ་མཚར་ཆེ་ཞིང་གཟབ་ནན་ཆེ་བའི་སྒྱུ་རྩལ་གྱི་སྐུ་བརྙན་ཞིག་རེད་འདུག །
གས་ཆག་ཤོར་བའི་ཤིང་བརྐོས་སྐུ་བརྙན།
“གནས་སྒོ་དགོན་པ་ནི་ལུང་ཁུག་ཏུ་གནས་ཡོད་པས། དགོན་པའི་གནའ་ཤུལ་ལ་ད་དུང་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་སྔར་བས་གཏིང་ཟབ་བྱེད་དགོས”ཞེས་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་གིས་གྲོས་འགོ་བཏོན་པ་དང་། གནས་སྒོ་དགོན་གྱི་ད་ཡོད་རིག་དངོས་ལ་སྲུང་སྐྱོང་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཞལ་བཅུ་གཅིག་ཅན་གྱི་སྤྱན་རས་གཟིགས་ཀྱི་བརྐོས་བརྙན་དང་མེས་པོའི་སྐུ་བརྙན་དེ་རྒྱལ་ཁབ་རིམ་པའི་རིག་དངོས་སུ་རིམ་སྤོར་བྱས་ནས་ཉར་ཚགས་ཡག་པོ་བྱེད་དགོས། །
ཤིང་བརྐོས་པད་གདན།