རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-06   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།
སྐུ་འབུམ་བྱམས་པ་གླིང་གི་ཁྱད་ནོར་གསུམ་གྱི་ཡ་གྱལ་ཏེ་མེ་ཏོག་མཆོད་པ་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཐུན་མོང་མིན་པའི་སྒྱུ་རྩལ་རིགས་ཤིག་ཡིན། སྐུ་འབུམ་དགོན་གྱི་ཁྲི་ཆེན་ལྔ་པ་ཆུ་བཟང་པ་རྣམ་རྒྱལ་དཔལ་འབྱོར་གྱིས་གཞུང་རྙིང་པའི་འཛིན་གྲྭ་ལ་སྒོ་མང་སྐབས་དང་པོ་དང་རྗེ་བཙུན་སྐབས་དང་པོ་གཉིས་སུ་ཕྱེ་བ་ནས་བཟུང་། སྒོ་མང་འཛིན་གྲྭས་བཞེངས་པའི་མེ་ཏོག་མཆོད་པ་དང་། རྗེ་བཙུན་འཛིན་གྲྭས་བཞེངས་པའི་མེ་ཏོག་མཆོད་པ་སྟེ་བཞེངས་སྲོལ་གཉིས་བྱུང་བ་རེད།
སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་མཇལ་ནི་ལོ་རེའི་ཧོར་ཟླ1པོའི་ཚེས15མཚན་མོ་ཡིན་ལ། དགོན་པའི་གྲྭ་བཙུན་རྣམས་ཀྱིས་འབྲི་མར་གྱི་ནང་དུ་རྡོ་ཚན་དམར་པོ་དང་སེར་པོ། ལྗང་ཁུ། སྔོན་པོ། ལི་ཁྲི་སོགས་བསྲེས་ནས་སྐྱེས་རབས་དང་རྣམ་ཐར། རྟོགས་བརྗོད་སོགས་ཀྱི་སྐུ་བརྙན་བཞེངས་པའི་ཐུན་མོང་མ་ཡིན་པའི་ལག་ཤེས་སྒྱུ་རྩལ་ལ་མཇལ་བའི་དུས་ཆེན་ཞིག་ཡིན། མེ་ཏོག་མཆོད་པའི་བརྗོད་བྱའི་ཆ་ནས་བཤད་ན། གཙོ་སྐུ་ལ་སྤྱན་རས་གཟིགས་དང་། འཇམ་པའི་དབྱངས། གསང་བདག རྗེ་བཙུན་བྱམས་པ་སོགས་ལོ་རེ་བཞིན་དུ་རེས་མོས་ཀྱིས་བཞེངས་ཀྱིན་ཡོད། ད་ལོའི་སྒོ་མང་སྐབས་དང་པོའི་མེ་ཏོག་མཆོད་པའི་དབུས་ཀྱི་གཙོ་སྐུ་ནི་རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་ཏུ་བསྡུས་པ་རྗེ་བཙུན་གསང་བའི་བདག་པོ་ཡིན་ལ། དེའི་གཡས་གཡོན་དུ་མཁྱེན་རབ་ཀྱི་དབང་ཕྱུག་རྗེ་བཙུན་འཇམ་དབྱངས་མི་ཡི་རྣམ་པར་རོལ་བ། བོད་གངས་ཅན་གྱི་མི་རྣམས་ཀྱི་མ་རིག་རྨོངས་པའི་མུན་ཆེན་བསལ་བའི་སྒྲོན་མེ། རིག་པའི་གནས་ཀུན་མཁྱེན་པའི་སློབ་དཔོན་ཆེན་མོ། སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་བོད་དུ་སྒྱུར་མཁན་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཐོག་མ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སློབ་དཔོན་དམ་པ། བོད་མི་རྣམས་ཀྱིས་ནམ་ཡང་བཀའ་དྲིན་གཞལ་ཐབས་བྲལ་བའི་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལགས་ཀྱི་མཛད་རྣམ་ཉིན་བྱེད་འོད་བརྒྱའི་སྣང་བ་ཞེས་པ་དེ་ཡིན།
རྗེ་བཙུན་སྐབས་དང་པོའི་མེ་ཏོག་མཆོད་པའི་དབུས་ཀྱི་གཙོ་སྐུ་ནི་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་དཔལ་དབྱངས་ཡིན་ལ། དེའི་གཡས་གཡོན་དུ་སྙིང་རྗེ་གཏེར་བདག་འཕགས་པ་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་བ།རྒྱལ་བུ་དྲི་མེད་ཀུན་ལྡན་མཆོག་གིས་སེམས་ཅན་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་ཆེད་དུ། སེམས་ཅན་ཉམ་ཐག་པ་རྣམས་ལ་ཐུགས་བརྩེ་བ་དང་སྙིང་རྗེའི་ཀུན་ནས་བསླངས་ཏེ་རང་གི་རྒྱལ་པོའི་བང་མཛོད་ཀྱི་ནོར་ལོངས་སྤྱོད་ཡོད་ཚད་སེམས་ཅན་དབུལ་ཕོངས་རྣམས་ལ་སྦྱིན་པ་བཏང་བར་མ་ཟད། ཐ་ན་རང་གི་བུ་དང་ཆུང་མ། སེམས་ཅན་ཉམ་ཐག་དག་གིས་རེ་བ་ལྟར་རང་གི་དཔྲལ་བའི་མིག་ཀྱང་སྦྱིན་པ་བཏང་སྟེ་སེམས་ཅན་གྱི་རེ་བ་བསྐང་བའི་མཛད་རྣམ་སྙིང་རྗེའི་བདུད་རྩིའི་ཟེགས་མ་ཞེས་བྱ་བ་དེ་ཡིན།
སྐུ་འབུམ་མེ་ཏོག་མཆོད་པའི་བཟོ་བཀོད་ཐད་ནས་སྒྲིག་གཞི་ཆ་ཚང་ཞིང་གོ་རིམ་ཚན་རིག་དང་མཐུན་ཏེ། སྐུའི་ཐིག་རྩ་དྲང་ཞིང་ཞིབ་ཚགས་ཆེ་བ་དང་། ཁ་དོག་བཀྲ་བ། རྣམ་པ་གསལ་བ། བརྗོད་བྱ་སྣ་མང་ཞིང་རྒྱབ་ལྗོངས་མཛེས་སྡུག་ལྡན་པ་དང་། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཡིན་པས་དེ་ལ་ཐུན་མིན་གྱི་ཁྱད་ཆོས་མངོན་པར་གསལ། ད་ལོར་སྐུ་འབུམ་བྱམས་པ་གླིང་གིས་རྒྱ་ལོའི་ཚེས་བཅོ་ལྔའི་མཚན་མོའི་མེ་ཏོག་མཆོད་མཇལ་ལ་དད་ལྡན་མང་ཚོགས་ཀྱི་བསམ་པའི་དགོས་མགོ་བསྐང་ཐུབ་པ་དང་ཕྱོགས་ཡོངས་ལྗོངས་རྒྱུ་བའི་མིག་དབང་ཅིག་ཅར་ཏུ་འཕྲོག་ཐུབ་པའི་མེ་ཏོག་གི་མཆོད་པ་གྱ་ནོམ་པ་ཞིག་བཤམས་ཡོད།