ལུས་ཕུང་བདེ་ཐང་ཡོང་འདོད་ན་ཐོག་མར་ཁའི་བདེ་སྲུང་ལ་དོ་སྣང་བྱེད་དགོས

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཁ་ནི་མི་ལུས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། དེར་ཟས་རིགས་སོགས་ལྡོད་པ་དང་མིད་པ། སྐད་ཆ་བཤད་པ། རོ་མྱོང་བ་བཅས་ཀྱི་ནུས་པ་ལྡན། རྒྱལ་ཡོངས་ཀྱི་ཁའི་བདེ་ཐང་དང་རིམས་ནད་རིག་པའི་བརྟག་དཔྱད་ཅིག་ལས་མངོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་བྱིས་པར་སོ་རུལ་གྱི་ནད་འབྱུང་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། མི་དར་མའི་སོ་དང་རྙིལ་གྱི་བདེ་ཐང་གནས་ཚུལ་ཡང་དེ་འདྲའི་བཟང་རྒྱུ་མེད། ཁའི་བདེ་ཐང་གི་གནད་དོན་དེ་ལུས་ཡོངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པས། བདེ་ཐང་གི་འཚོ་བ་ཞིག་རོལ་འདོད་ན“ཁའི་བདེ་ཐང”ལ་དོ་སྣང་བྱེད་པ་ནས་མགོ་རྩོམ་དགོས།

ཁའི་བདེ་ཐང་ནི་ལུས་པོ་བདེ་ཐང་ཡོང་བའི་གཞི་རྩ་ཡིན།

ཁའི་བདེ་ཐང་གི་ནང་དུ་ཁ་ལྕེ་རལ་བ་དང་ཁར་སེར་ཁ་གས་པ། མིད་པའི་སྐྲན་ནད། སོ་དང་སོ་རྙིལ་གྱི་ནད། སོ་རུལ་གྱི་ནད། སོ་ན་བ། སོ་ལྷུང་བ་སོགས་འདུས། ཁ་ནད་ཀྱི་རིགས་ཏེ། དཔེར་ན། སོ་རུལ་བ་དང་སོ་རྙིལ་གྱི་ནད་རིགས་ཚང་མས་སོའི་ཕུང་གྲུབ་སྲ་མོ་དང་སོའི་མཐའ་འཁོར་གྱི་ཕུང་གྲུབ་ལ་གཏོར་བརླག་གཏོང་བར་མ་ཟད། ཟས་རིགས་ལྡོད་པ་དང་སྐད་ཆ་བཤད་པ། ངོ་གདོང་གི་མཛེས་ཉམས་བཅས་ལ་གནོད་པ་ཡོད་ལ། གཞན་ད་དུང་སྤྱི་ཚོགས་འབྲེལ་འདྲིས་ལ་དཀའ་ཁག་བཟོ་བ་དང་སེམས་ཁམས་ལའང་གནོད་པ་ཐེབས་ངེས། ཚབས་ཆེ་བའི་སྐབས་སུ་ད་དུང་ལུས་ཡོངས་ཀྱི་ནད་རིགས་ཏེ། དཔེར་ན། ཏོག་དབྱིབས་ཁྲག་རྩའི་ནད་དང་གཅིན་སྙི་ཟ་ཁུའི་ནད་སོགས་སློང་བའམ་ཇེ་སྡུག་ཏུ་བཏང་ནས་ལུས་ཡོངས་ཀྱི་བདེ་ཐང་ལ་གནོད་པ་ཐེབས་ངེས།

ཁའི་བདེ་ཐང་ལ་གནོད་པའི་རྒྱུན་མཐོང་གི་ནད་རིགས་གཉིས།

གཅིག སོ་རུལ་བ། སོ་རུལ་བའི་དུས་མགོར་ཕལ་ཆེར་ན་ཟུག་གི་ཚོར་བ་མེད་མོད། དེ་ནས་རིམ་གྱིས་རུལ་ནས་ཁུང་བུ་བརྡོལ་རྗེས། ཟས་རིགས་སྐྱུར་བ་དང་མངར་མོ། འཁྱག་པ། ཁོལ་མ་སོགས་ཟོས་ན་ན་ཟུག་འབྱུང་བ་དང་། གལ་ཏེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ན་རྗེས་ནས་སོ་འཆག་སྟེ་སོ་རྟིང་ལུས་པའམ་ཐ་ན་སོ་ལྷུང་ནས་ཟས་རིགས་ལྡོད་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཡང་འབྱུང་ཞིང་ལུས་ཕུང་བདེ་ཐང་ལ་གནོད་པ་ཆེན་པོ་ཐེབས་ངེས།
གཉིས། སོ་རྙིལ་གྱི་ནད། སོ་རྙིལ་གྱི་ནད་ནི་སོའི་མཐའ་འཁོར(སོ་རུས་དང་རྙིལ། སོ་མཐའི་ཤ་སྐྱི)གྱི་ནད་རིགས་ལ་ཟེར། ཐོག་མར་རྙིལ་དམར་པོར་གྱུར་ནས་སྐྲངས་པ་དང་། དེར་རེག་ཐུག་བྱས་ན་ཁྲག་འབྱུང་སླ་བ་ཡིན། གལ་ཏེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ན་རྙིལ་སྐུམ་པ་དང་སོ་རུས་ཉམས་པ། སོ་འགུལ་བ། སོ་གནས་འགྱུར་བ་བཅས་འབྱུང་བ་དང་། སྐབས་རེར་སོ་རྩ་རྣག་པ། ཁ་ནང་དུ་དྲི་ངན་བྲོ་བ་སོགས་བྱུང་ནས། མཐའ་མར་སོ་ལྷུང་བའམ་འབལ་དགོས། ཁའི་ནད་རིགས་ཆེན་པོ་འདི་གཉིས་ནི་གཙོ་བོ་སོ་དྲེག་ལས་བྱུང་བ་རེད། དེ་བས་རང་ཉིད་ཀྱི་ཁའི་བདེ་སྲུང་དང་ཆེད་ལས་ཀྱི་ཁའི་བདེ་སྲུང་བརྒྱུད་ནས་སོ་དྲེག་གཙང་སེལ་བྱེད་པ་ནི་ཁའི་བདེ་ཐང་སྲུང་སྐྱོང་བྱེད་པའི་རྨང་གཞི་ཡིན།


ནངས་དགོང་གཉིས་ཀར་སོ་བཀྲུ་བ་དང་ཟ་མ་ཟོས་རྗེས་ཁ་བཤལ་དགོས།

སོ་བཀྲུས་ན་སོ་སྟེང་གི་སོ་དྲེག་འདག་ཐུབ་པ་དང་ཟ་མ་ཟོས་པའི་སྙིགས་རོ་མེད་པར་བཏང་སྟེ། ཁའི་འཕྲོད་བསྟེན་སྲུང་འཛིན་བྱེད་པ་དང་། སོ་དང་སོའི་མཐའ་འཁོར་གྱི་ཕུང་གྲུབ་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་ཐུབ། སོ་བཀྲུས་ནས་སོ་སྟེང་གི་སོ་དྲེག་གཙང་སེལ་བྱས་རྗེས་ཀྱི་དུས་ཚོད་འགའི་རྗེས་སུ་སོ་སྟེང་དུ་ཡང་བསྐྱར་སོ་དྲེག་ཆགས་པ་དང་།ཁྱད་པར་དུ་དགོང་མོ་གཉིད་ལོག་རྗེས་ཁ་ཆུ་ཟགས་ཚད་ཇེ་ཉུང་དུ་འགྲོ་བ་དང་། ཁ་གཙང་མ་བྱེད་པའི་ནུས་པ་ཇེ་ཞན་དུ་སོང་ནས་དུག་སྲིན་འབྱུང་སླ། དེ་བས་ཉིན་རེར་ཉུང་མཐར་ཡང་སོ་ཐེངས་གཉིས་ལ་བཀྲུ་དགོས་པ་དང་། དགོང་མོ་ཉལ་ཁར་སོ་བཀྲུ་རྒྱུ་ནི་དེ་བས་ཀྱང་གལ་ཆེ། ཟ་མ་ཟོས་རྗེས་ཁ་བཤལ་ན་ཁ་ནང་གི་སྙིགས་རོ་དོར་ནས་ཁ་ནང་གཙང་མ་བྱེད་ཐུབ།

མི་རེར་སོ་འདྲད་དང་ཕོར་བ་གཅིག་རེ་ཡོད་དགོས།

ཁྱིམ་ཚང་གཅིག་གི་ནང་དུའང་མི་རེ་རེའི་ལོ་ཚོད་མི་འདྲ་བའི་དབང་གིས་ལུས་ཕུང་བདེ་ཐང་གི་གནས་ཚུལ་ཡང་མི་འདྲ་ལ། ཁའི་བདེ་ཐང་གི་ཚད་ཀྱང་མི་འདྲ་བས་ཁའི་བདེ་ཐང་གི་དགོས་མཁོ་ཡང་མི་འདྲ། མི་སོ་སོའི་གནས་ཚུལ་མི་འདྲ་བའི་དབང་གིས་མི་སོ་སོའི་དགོས་མཁོ་ལྟར་སོ་འདྲད་དང་སོ་རྩི་འདེམ་དགོས་པ་དང་། མི་རེར་སོ་འདྲད་རེ་དང་ཕོར་བ་རེ་ཡོད་དགོས་ཤིང་། རང་རང་སར་བཞག་ནས་ཕན་ཚུན་ལ་ནད་རིགས་མི་འགོ་བར་བྱེད་དགོས།

ཁ་ནང་དུ་ན་ཟུག་ལངས་པ་དང་སྙིལ་ལ་ཁྲག་ཐོན་པ། དྲི་མ་བྲོ་བ་སོགས་ཀྱི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།
སོ་རུལ་བའི་རྒྱུན་མཐོང་གི་ནད་རྟགས་ནི་ཁོལ་མ་དང་འཁྱག་པ་འཐུང་མི་ཐུབ་པ་དང་། ཟས་རིགས་ལ་སོ་འདེབས་མི་ཐུབ་པར་ན་ཟུག་ལངས་པ་ཡིན། སོ་རྒྱུངས་གཉན་ཚད་བྱུང་ན་ན་ཟུག་ཆེན་པོ་ལངས་པ་དང་མཚན་མོར་ལྷག་ཏུ་ན་བ་ཡིན། སོ་སྙིལ་གཉན་ཚད་ཀྱི་དུས་མགོར་སོ་བཀྲུ་བའམ་ཟས་རིགས་སྲ་མོར་སོ་བཏབ་ན་ཁྲག་འབྱུང་བ་ཡིན། ཁ་ལྕེ་རལ་ཚེ་ན་བའི་གནས་སུ་རེག་ཟུག་ཆེ། ཚོར་བ་སྐྱེན་པོའི་སོ་ནི་འཁྱག་པ་དང་ཁོལ་མ། སྐྱུར་མོ། མངར་མོ་བཅས་ཟོས་ན་ན་ཟུག་ཆེན་པོ་ལངས་པ་ཡིན། ཁའི་ནང་དུ་དྲི་ངན་བྲོ་བ་དེ་ཕལ་ཆེར་ཁ་ནང་གི་ནད་རིགས་ལས་བྱུང་བ་ཡིན། གོང་གི་ནད་རྟགས་འདི་དག་བྱུང་ན་མྱུར་དུ་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས།

སོ་ལ་སྐྱོན་བྱུང་ན་དུས་ཐོག་ཏུ་ལས་དགོས།

སོ་ལ་ཟས་རིགས་ལྡོད་པ་དང་སྒྲ་འབྱིན་རོགས་བྱེད་པ། ངོ་གདོང་གི་རྣམ་པ་སྲུང་འཛིན་བྱེད་པ་བཅས་ཀྱི་ནུས་པ་ལྡན། སོ་ལྷུང་ན་ཟས་རིགས་ལྡོད་དཀའ་བ་དང་བལྡད་པ་ཞིབ་མོ་མིན་པ། སོ་གཞན་པར་གནོད་སྐྱེལ་བ། འགྲམ་སོ་འཁྱོར་བ་སོགས་ཀྱི་གནས་ཚུལ་འབྱུང་སླ། མདུན་སོ་ལྷུང་ན་སྨྲ་མི་དག་པ་དང་ངོ་གདོང་གི་དབྱིབས་འགྱུར་བ། ཟ་མ་ལྡོད་མི་ཐུབ་པ། ངོ་གདོང་ལ་རྒས་རྟགས་མངོན་པ་སོགས་ཀྱི་གནས་ཚུལ་འབྱུང་སླ། དེ་བས་ཁ་ནང་གི་སོ་ལྷུང་ཚེ་དུས་ཐོག་ཏུ་ལས་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །