དྲུང་ཡིག་སྨོན་ལམ་རྒྱ་མཚོ་ཚང་གི་དྲུང་ཡིག་གི་ལས་དོན་རགས་ཙམ་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-16   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

 དང་པོ། དཔེ་དེབ་ཞུ་དག་དང་། རྩོམ་སྒྲིག ཞུས་ཆེན་བཅས་ཀྱི་སྐོར།

      དེ་ཡང་གངས་ལྗོངས་རིག་སྨྲའི་ཁྱུ་མཆོག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་སྦིས་ཤེས་རབ་རྒྱ་མཚོས། “ཚིག་ལ་ལྟ་བའི་མིག་མེད་ཅིང་། ། དོན་ལ་དཔྱོད་པའི་བློ་མེད་པས། ། ཞུ་དག་ཅེས་བྱ་སེང་གེའི་ཁྱུ། ། རང་གིར་བགྱིད་པ་སླ་བ་མིན། །” ཞེས་གསུངས་པ་ལྟར། གནའ་དཔེ་གཙོས་སྐྱེས་ཆེན་ཚོའི་གསུང་རབ་ཁག་ལ་ཞུ་དག་དང་བསྒྱུར་བཅོས་མཛད་པ་ནི་ཧ་ཅང་དཀའ་བའི་ལས་ཀ་ཞིག་ཡིན་མོད། དམ་པ་ཁོང་གིས་ནི་གྲགས་སྐམ་གྱི་ལས་འབའ་ཞིག་ལྷུར་བླངས་པའི་བརྐམ་ཆགས་ཀྱི་བགྱི་བ་རིང་དུ་དོར་ནས། མི་རིགས་སློབ་གསོའི་ལས་དོན་ཁོ་ནར་དམིགས་པའི་ཐུགས་སྨོན་གྱི་འཕྲིན་ལས་མངོན་པར་བཏེགས། 1978ལོའི་ལོ་སྟོད་ལ། རྒྱལ་ཁབ་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་གོང་རིམ་གྱི་བཀོད་སྒྲིག་གི་བཀའ་དང་དུ་བླངས་ཏེ། རྒྱ་བོད་ཀྱི་མཁས་པ་ཆེན་པོ་དུ་མའི་སྐུ་རྗེས་འབྲངས་ནས《བོད་རྒྱ་ཚིག་མཛོད་ཆེན་མོ》ཁ་སྐོང་དང་ཞུ་དག མཐའ་མའི་གཏན་ཕབ་ཀྱི་ལས་དོན་སོགས་རྩོམ་སྒྲིག་གི་བྱ་བར་ལོ་ངོ་གསུམ་རིང་ཞུགས་ཤིང་། ཆོས་ཀྱི་ཐ་སྙད་འཚོལ་སྒྲིག་དང་རྩ་བའི་ཐ་སྙད་འགྲེལ་བཤད་དང་བཅས་པ་བོད་བྱིངས་ཀྱི་སྤྱི་སྐད་དུ་སྡུད་ཅི་ཐུབ་བྱེད་པའི་འགན་འཁུར་བའི་གྲས་སུ་ཞུགས།[1] ཞེས་ཁོང་གི་རང་རྩོམ《མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ》ཞེས་པར་གསལ་པོར་བཀོད་ཡོད་པས། ཁོང་གིས་ཚིག་མཛོད་ཆེན་མོ་འདི་ཉིད་རྗེས་རབས་པ་ཚོའི་གཟིགས་མོར་བསྟར་བ་ལ་བྱས་རྗེས་མི་དམན་པ་ཞིག་བཞག་མྱོང་བ་དང་། དེ་ནས1987ལོའི་ཟླ9པ་ནས་སྐུ་ཚེ་མཐའ་མའི་བར་ལ། ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི(ད་ལྟའི་ཀན་ལྷོ་བོད་རིགས་སྣ་འཛོམས་ཆེད་ལས་སློབ་གྲྭ)བཀོད་སྒྲིག་དང་ལས་འཆར་ལྟར། དམ་པ་ཁོང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་དང་གཙོ་ཕྱོགས་ཀྱི་ལས་འགན་ཕྲག་ཏུ་བཞེས་ཏེ། དཀའ་བ་ཆེན་པོས་ལོ་བཞིའི་ལུགས་ཀྱི་འབྲིང་རིམ་ཆེད་གཉེར་སློབ་གྲྭའི《སྐད་ཡིག་སློབ་དེབ》དམའ་རིམ་དང་མཐོ་རིམ་གཉིས་སུ་བསྒྲིགས་པ་དེབ་བཅུ་གཉིས་ཏེ་ཡིག་འབྲུ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་བདག་ཉིད་ཅན་དེའི་རྩོམ་སྒྲིག་གི་བྱ་བར་ཞུགས་པར་མ་ཟད། 1991ལོའི་ཟླ9པར་རྒྱལ་ཡོངས་བོད་ཡིག་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་ཏེ། སློབ་དེབ་ལ་བསམ་བློའི་རང་བཞིན་དང་། ཚན་རིག་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་པས་ཞིང་ལྗོངས་ལྔའི་ཁྱབ་ཁོངས་སུ་བེད་སྤྱོད་ཆོག་པའི་ཆོག་མཆན་དང་གདེང་འཇོག་ཚད་མཐོན་པོ་ཐོབ་པ་དང་ཆབས་ཅིག མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་། བསེ་ཚང་བློ་བཟང་དཔལ་ལྡན། དོར་ཞི་གདོང་དྲུག་སྙེམས་བློ་སོགས་ཀྱིས་ཀྱང་བསྟོད་པའི་མཐེ་བོང་བསྒྲེངས་ཚུལ་སོགས་མཁས་པ་མཁས་པའི་དྲུང་དུ་མཛེས་པའི་མཛད་བཟང་གི་སྤྱོད་པ་མི་ཡུལ་དུ་བསྟར་བ་ནི་བློ་དམན་པ་ང་ཚོས་ཡི་རངས་དང་སྨོན་པ་ཤོར་སའི་ཡུལ་དུ་གྱུར་ལ། ལྷག་པར་ཁོང་གིས་ཕྱག་ལས་སྣ་མང་གི་ངལ་དུབ་སྣང་མེད་དུ་བཞག་སྟེ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་ལེགས་སྒྲིག་གཞུང་སྒྲུབ་ཁང་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་རེ་སྐུལ་ཞུས་ངོར། 《མདོ་སྨད་ཆོས་འབྱུང》དང་། 《བཀའ་ཆེམས་ཀ་ཁོལ་མ》《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》《ཅོ་ནེའི་བསྟན་འགྱུར་དཀར་ཆག》《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་སྐལ་བཟང་འཇུག་ངོགས》《ཐུའུ་བཀྭན་གྲུབ་མཐའ》《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར》སོགས་དཔེ་རྙིང་དཀོན་པོ་མང་པོ་དཔེ་སྐྲུན་བྱེད་པའི་ཞུས་ཆེན་གྱི་འགན་བཞེས་ཤིང་། དེ་དག་ལེགས་སྒྲིག་དང་དཔེ་སྐྲུན་ལས་ཁུངས་ཀྱི་མིང་ཐོག་ནས་དཔེ་སྐྲུན་གསལ་བཤད་དང་། རྩོམ་པ་པོ་མཚམས་སྦྱོར། ཞུ་དག་མཛད་ཚུལ་བཅས་འབྲི་གནང་མཛད་ལ། ཞུ་དག་མཛད་པའི་གནའ་དཔེ་དེ་དག་ལས་དེབ་དུ་མ་ཞིག་ལ་ཀྲུང་གོའི་བྱང་ཕྱོགས་ཀྱི་ཞིང་ལྗོངས་བཅོ་ལྔའི་དཔེ་ཚོགས་དཔྱད་བསྡུར་ཁྲོད། སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཐོབ་ཚུལ[2]《མཁས་དབང་སྨོན་ལམ་རྒྱ་མཚོའི་གསུང་རྩོམ་ཕྱོགས་བསྒྲིགས》དང་། ཁོང་གི་སློབ་བུ་རྡོར་བྷར་འབོད་པས་མཛད་པའི《མཁས་དབང་སྨོན་ལམ་རྒྱ་མཚོའི་མཛད་རྣམ་མདོར་བསྡུས》གཉིས་སུ་རྒྱས་པར་བཀོད་ཡོད་པས་འདིའང་ལོ་རབས་བརྒྱད་ཅུ་པའི་དུས་སྐབས་དེར་མངོན་པའི་རྣམ་དཔྱོད་དང་སེམས་དཔངས་ཀྱིས་བཞེངས་པའི་སློབ་གསོའི་རྡོ་རིང་ཞིག་ཅི་ལ་མིན་ཏེ། དཔེ་སྐྲུན་གྱི་ལས་ཀ་ནི་བྱ་བའི་སྒྲིག་གཞི་དང་ཇུས་འགོད་སོགས་ཀྱི་ཐད་ཆེས་ཚད་ལྡན་རང་བཞིན་དང་། དེང་རབས་རང་བཞིན་གྱི་འདུ་ཤེས་ཤིག་གིས་བློས་བསླངས་ཏེ་འདས་མ་ད་གསུམ་གང་ལའང་དཔྱད་དགོས་པའི་གནས་ཤིག་ཡིན་པས། དེའི་རིགས་བསྒྲུབ་རྒྱུ་ནི་ཧ་ཅང་དཀའ་བའི་ཚོད་དུ་མཆིས་མོད་ཀྱང་། ཁོང་གིས་ནི་དཀའ་སྤྱད་འབད་བརྩོན་གྱིས་འགན་འཁྲི་དང་དུ་བླངས་པ་ལས། རང་གི་རིག་གནས་ལ་དགའ་བའི་དུང་ཞེན་རྣལ་མ་ཞིག་ཀྱང་མཚོན་ཐུབ་ལ། ཡང་གཅིག་བཤད་ན་མཁྱེན་རྒྱ་ཡངས་ཤིང་དུས་རབས་དང་བསྟུན་པའི་བསམ་བློ་པ་ཞིག་གི་རང་ཚུགས་མངོན་འདུག་ཅེས་ཀྱང་གླེང་ཆོག་ཆོག་ཡིན་ནོ། །


    གཉིས་པ། སློབ་གསོའི་ལས་དོན་གྱི་སྐོར།

       གཞན་ཕན་སྒྲུབ་པར་བརྩོན་པ་དེ། ། རང་ཉིད་ཕུན་སུམ་ཚོགས་པའི་རྒྱུ། ། ཞེས་པ་བཞིན་དམ་པ་ཁོང་གིས་གཞན་ཕན་གྱི་ལྷག་བསམ་འབའ་ཞིག་སེམས་སུ་ཉར་ནས། སྔར་བཞིན་མི་རིགས་སློབ་གྲྭ་ཁག་གི་སློབ་གཙོ་དང་སྲིད་འཛིན་ལས་ཁུངས་དག་གི་ཨུ་ཡོན་གྱི་འགན་ཡང་མང་པོ་ཞིག་བཞེས་མྱོང་སྟེ། ཁོང་ཉིད་སྐུ་འཚོ་བཞེས་ཀྱི་སྐབས་སུ་སྲིད་གྲོས་ཀན་སུའུ་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་། སྲིད་གྲོས་ཀན་ལྷོ་ཁུལ་གྱི་ཀྲུའུ་ཞི་གཞོན་པ། བསང་ཆུ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེན་གཞོན་པ། ཀན་ལྷོ་ཁུལ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སློབ་གཙོ་གཞོན་པ་དང་། མཚན་འཛིན་སློབ་གཙོ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གྲྭའི་བོད་བརྒྱུད་ནང་བསྟན་སྐོར་གྱི་ཆེད་ཞུའི་ཞིབ་འཇུག་པ། ཀན་ལྷོ་ཁུལ་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁུལ་རིག་རྩལ་ལྷན་ཚོགས་དང་མཛེས་རྩལ་པར་ལེན་མཐུན་ཚོགས་ཀྱི་ལས་འཛིན་སོགས་ཀྱི་འགན་བཞེས་ནས་གྲུབ་འབྲས་གཟེངས་སུ་ཐོན་པས། ཀན་སུའུ་སློབ་གསོ་དཔྱད་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས《ཀན་སུའུ་ཡི་སློབ་གསོ་པ་གྲགས་ཆེན་གྱི་མཚན་ཐོ》རུའང་བཀོད་ཅིང་། རིག་གསར་རྗེས་ཀྱི་བོད་ཀྱི་སློབ་གསོའི་ལས་དོན་ཐད་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་ལ། ལྷག་པར་ཁོང་ནི་ཨུ་ཡོན་སོགས་ཀྱི་མིང་གྲགས་སྟོང་བ་རེ་འཁུར་ནས་རང་དོན་འབའ་ཞིག་གཉེར་མཁན་གྱི་རིགས་དེ་མ་ཡིན་པར། མི་རིགས་སློབ་གསོའི་སླད་དུ་དངོས་ཤུགས་གང་རུང་བརྒྱུད་ནས་འབད་པ་ལྷུར་ལེན་མཁན་ཞིག་ཡིན་པ་ནི། སློབ་བུ་ཞིག་གིས་ཁོང་གིས1982ལོའི་ཟླ4པར་འཚོགས་པའི་ཁུལ་ཡོངས་ཀྱི་མི་རིགས་སློབ་གསོའི་བྱ་བའི་ཚོགས་འདུ་ཞིག་གི་སྟེང་དུ་ཞུས་པའི་ཚོགས་གཏམ་ཡིག་ངོར་བཀོད་པ“མི་རིགས་སློབ་གྲྭའི་ངོ་བོ་དང་གསོ་སྐྱོང་དམིགས་འབེན་གཙིགས་སུ་བཟུང་སྟེ། རྗེས་ཕྱོགས་རྒྱལ་ཁབ་ཀྱི་སློབ་བསྡུའི་གཏན་འཁེལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཅི་ཐུབ་གང་ཐུབ་ཀྱིས་བོད་སྐད་ཡིག་ལ་བྱང་ཆ་ཡོད་པའི་རྒྱུགས་ཞུགས་སློབ་མ་བསྡུ་དགོས་པ་དང་། ཅི་ཐུབ་གང་ཐུབ་ཀྱིས་ཆ་རྐྱེན་གྱི་ཚད་བཀག་གློད་ནས་ལྟ་སྐྱོང་བྱེད་དགོས།”ལྟ་བུའི་སྐབས་དེའི་ས་གནས་མང་ཚོགས་དང་མི་རིགས་སློབ་གསོའི་གནད་དོན་ལ་ཕན་པའི་ཁ་ཚ་དགོས་གཏུགས་ཀྱི་གཏམ་བཤད་འདི་ལྟ་བུས་མཚོན་ནུས་ལ། ད་དུང་སློབ་བུ་གང་དེས་ཡིག་ངོར་ཕབ་པའི“བོད་རིགས་རྣམས་ཀྱང་མི་རིགས་གཞན་པའི་གྲལ་དུ་ཚུད་པར་བྱེད་ཅིང་། དེ་ཉིད་དར་རྒྱས་གོང་སྤེལ་གཏོང་བ་ལ། ཆེས་མིག་རྒྱང་རིང་བའི་བྱེད་ཕྱོགས་ནི་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ་དང་།འཇོན་མི་གསོ་སྐྱོང་བྱེད་པ་དེ་ཡིན།”[3] ལྟ་བུའི་གསུང་འདི་དག་ནི་མི་རིགས་ཤིག་རྗེས་ལུས་ཀྱི་རྨོངས་པ་ལས་ཐར་བྱེད་ཀྱི་ལག་ཆ་དང་བྱེད་ཐབས་ལྟ་བུ་ཡིན་པས། ཁོང་ནི་ནམ་ཡང་མི་རིགས་སློབ་གསོའི་དོན་དུ་སྐད་ཆ་གསོང་བོར་སྨྲ་མཁན་ཞིག་དང་། ཡང་ན་བསམ་གཞིག་ཞིབ་བུར་གཏོང་མཁན་ཞིག་ཡིན་པའང་ཤེས་ཐུབ།དེར་མ་ཟད་ཁོང་གིས་སློབ་གསོའི་ལས་གནས་ཀྱི་འགན་འཁྲི་མོད་པོ་དེ་དག་ཕྲག་པར་འཁུར་ཞོར། 1986ལོ་ནས་བཟུང་སྟེ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་བཙུགས་པའི་བོད་ཀྱི་བརྡ་སྤྲོད་ཟབ་སྦྱོང་འཛིན་གྲྭ་ཐེངས་བཞི་ལ་ཟུར་ཁྲིད་པར་ཞུས་པ་ལྟར་ཕེབས་ནས་སློབ་བུ500ལྷག་སྐྱེད་སྲིང་བྱས་ཡོད་པ་སོགས་ཁོང་གི་ཕྱག་རྩོམ་དག་ཏུ་གསལ་བས། སྐབས་དེའི་ཆོས་སྲིད་ཀྱི་ཆ་ལ་འབད་པ་ལྷུར་ལེན་བྱས་ཏེ་བྱས་རྗེས་མི་དམན་པ་ཞིག་བཞག་མྱོང་བའི་མི་རིགས་ཀྱི་སློབ་གསོ་པ་ཞིག་ཡིན་པའང་ང་ཚོས་བརྗེད་མི་རུང་སྙམ།


    གསུམ་པ། རིག་གནས་རྒྱུན་འཛིན་གྱི་སྐོར།

    དྲུང་ཡིག་སྨོན་ལམ་ནི་བོད་ཀྱི་རིག་གནས་ཀྱི་ཐད་དུའང་བྱས་རྗེས་མི་དམན་པ་འཇོག་མཁན་ཞིག་ཡིན་ལ། ཐོག་མར། སྨོན་ལམ་ཡིག་རྒྱུན་ཞེས་གངས་ལྗོངས་ཀྱི་ཡུལ་འདིར་སྙན་པའི་གྲགས་པ་འབར་བཞིན་པ་སྟེ། ཁོང་གི་ཡིག་གཟུགས་ཐད་ཀྱི་ཕྱག་ལས་དང་འབྲེལ་བ་རགས་ཙམ་གླེང་ན། དམ་པ་ཁོང་གི་ཡིག་རྒྱུན་ཡང་ཀུན་མཁྱེན་སྐུ་ཕྲེང་ལྔ་པ་ཚང་གི་ཐུགས་སྨོན་དང་འབྲེལ་བའི་བླ་བྲང་གྲྭ་བཙུན་སློབ་གྲྭ་གཙོས་པའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་ལེགས་ཚོགས་དུ་མ་ཞིག་འཛོམས་པ་ལས་འཁྲུངས་པ་གོང་དུ་སྨྲས་ཟིན་ལ། དེར་བསྟུན་ཁོང་གི་ཚེ་རབས་གཅིག་གི་ལེགས་བྱས་ཀྱི་སྙིང་བོར་སྨིན་པའི《བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར》བྱ་བའི་ཡིག་གཟུགས་ཀྱི་དེབ་དེ་ཉིད་ཀྱང་སྐབས་དེའི་གོང་རིམ་མགོ་ཁྲིད་དང་སློབ་དཔོན་གཙོས་དགེ་སློབ་རྣམས་ཀྱིས་བསྐུལ་བའི་རྐྱེན་བྱས་མི་ཡུལ་དུ་བསྟར་བ་ཞིག་ཡིན་པ་དེ《མཁས་དབང་སྨོན་ལམ་རྒྱ་མཚོའི་གསུང་རྩོམ་ཕྱོགས་བསྒྲིགས》སུ། “1982ལོར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱིས་བོད་ཡིག་དུས་ཐུང་ཟབ་སྦྱོང་འཛིན་གྲྭ་ཐེངས་གསུམ་པའི་དགེ་རྒན་དུ་གདན་འདྲེན་སྐབས། སློབ་དཔོན་རིན་པོ་ཆེ་དམུ་དགེ་བསམ་གཏན་མཆོག་དང་། རྔ་བ་ཁུལ་རྩོམ་སྒྱུར་ཅུས་ཀྱི་མགོ་ཁྲིད། ཟབ་སྦྱོང་འཛིན་གྲྭའི་དགེ་སློབ་བྱིངས་ཀྱིས་བསྐུལ་བའི་ངོར། དུས་ཚོད་ཐུང་ངུའི་ནང་གཞུང་ལུགས་ཀྱི་རྒྱབ་རྟེན་དང་ལྡན་ཞིང་། སྔོན་བྱོན་ཡིག་མཁན་མཁས་པའི་ཕྱག་རྒྱུན་མ་ཉམས་པར་རིམ་པར་བརྒྱུད་ནས་བྱུང་བའི་ཁུངས་དང་ལྡན་པའི་བོད་ཡིག་གི་མ་དཔེ《བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར》ཞེས་བྱ་བ་དེ་ཉིད་ཕྱི་རབས་པ་ཡོངས་ཀྱི་སྤྱི་ནོར་དུ་བསྐྲུན་ཏེ་བོད་ཡིག་གི་ཡིག་གཟུགས་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཆ་ནས་ཚད་ལྡན་དང་འཐུས་ཚང་དུ་གཏོང་བར་ཕྱག་རྗེས་བསུབ་ཏུ་མེད་པ་འཇོག་གནང་མཛད”[4]ཅེས་བཀོད་ཡོད་པས། ཁོང་གི་ཡིག་གཟུགས་ཀྱི་སྙན་པ་ནི་དེ་སྔོན་ནས་བཟུང་མདོ་སྨད་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད་པ་དང་། ལྷག་པར་ཡིག་གཟུགས་སྦྱང་འདོད་ཀྱི་སྐོམ་པའི་ཆུ་རྒྱུན་ལ་རེ་བ་དག་གི་འདོད་བློ་བསྐང་ཕྱིར། རང་ནུས་ཅི་ལྕོགས་ཀྱིས་སྔོན་རབས་དམ་པ་ཚོའི་གསེར་ལས་དཀོན་པའི་ཁུངས་ཐུབ་བྲིས་རྒྱུན་དག་གི་ཉམས་མ་བོར་བར་བྱས་ཏེ། རང་གི་ལོ་ངོ་མང་པོའི་བསླབ་སྦྱང་གི་ཉམས་མྱོང་དང་བསྡོངས་ནས་སྙིགས་དུས་ཀྱི་བློ་དམན་སྐྱེ་བོའི་བློ་ངོར་འཚམ་པའི་བྲིས་རྒྱུན་ཞིག་ལོགས་སུ་གསར་གཏོད་མཛད་ཡོད་པ་རྟོགས་ཐུབ་བོ། །དེས་ན་བྲིས་ལེགས་ཤིང་བརྒྱུད་ཁུངས་དང་ལྡན་པ་དེ་ཉིད་ཇི་ལྟར་མཛད་ཚུལ་ནི།《བརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར》ཞེས་པའི་དེབ་ཀྱི་ཞུ་མཆིད་དུ། “ཁྱུང་བོ་གཡུ་ཁྲིའི་གསུང་རིན་ཆེན་སྒྲོམ་བུ་དང་། སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེའི་དཔེ་རྙིང་བྲིས་མ་ཞིག་དང་། སུམ་པ་པཎྜི་ཏས་དབུ་ཆེན་གྱི་ཡིག་གཟུགས་ཐིག་ཁོངས་སུ་ཕབ་པ་དང་། གཡུ་ཁྲིའི་ཐིག་རྩའི་སྡོམ་ཚིག་དྲངས་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་ཏུ་དྲངས་པའི་སྡོམ་ཚིག་བློ་གསལ་དགའ་སྟོན་དུ་བཀོད་པ་དེ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡའ་སེལ་དུ་དྲངས་པའི་གཡུ་ཁྲིའི་ཐིག་རྩའི་སྡོམ་ཚིག དེའི་འགྲེལ་བ་བཅས་ལ་ཞིབ་གཏུག་ཅི་ལྕོགས་ཀྱིས་གཞིར་བཟུང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་སྔ་སོར་དཔང་ལོ་ཙཱ་བའི་ཕྱག་བྲིས་དངོས་དང་། དེའི་ཁྲིད་རྒྱུན་ཀུན་མཁྱེན་འཇིགས་མེད་དབང་བོའི་བཀས་ཡུལ་དབུས་ནས་ཞུས་ཏེ་ཕེབས་པའི་ཕྱག་རྒྱུན། སློབ་དཔོན་བཀའ་དྲིན་ཅན་དམུ་དགེ་བསམ་གཏན་ལགས་ཀྱི་དྲུང་དུ། ཕྲན་ན་ཆུང་བའི་དུས་བསླབས་པ་ཇི་བཞིན་བྲིས་པ་ཡིན།” [5]ཞེས་ཁུངས་བཙུན་པའི་གཏམ་གྱིས་ནན་ཏན་དུ་བརྗོད་པར་གཞིགས་ན། དམ་པ་ཁོང་ནི་རིག་གཞུང་གི་ཐད་དུ་ཡང་རང་སྣང་སྐྱིད་པའི་ལབ་བརྡོལ་འབྱིན་མཁན་གྱི་རིགས་དེ་མ་ཡིན་པར། རང་གི་བློ་གྲོས་ཀྱིས་དཔྱད་པའི་ངེས་པ་བཙལ་ཏེ་རྒྱུ་མཚན་དང་གནས་ལུགས་གསོང་བོར་སྨྲ་མཁན་ཞིག་ཡིན་པའང་ངང་ངམ་ཤུགས་ཀྱིས་གོ་ནུས་ལ། དཔེ་དེབ་དེ་ཉིད་ཀྱང་རང་ཅག་རྗེས་རབས་པ་ཚོས་ཡིག་གཟུགས་ཀྱི་བསླབ་བྱའི་དཔེར་བཟུང་སྟེ། ཇི་སྲིད་དུ་བླ་མ་བཞིན་བསྟེན་པར་བྱས་ཀྱང་གོ་འཛོལ་བའི་ཉེས་པ་ནི་གཞར་ཡང་མེད་སྙམ། ད་དུང་གསར་གཏོད་ཀྱི་ཆར་ཡང་གོང་སྨྲས་ཞུ་མཆིད་དུ། “སྡེ་སྲིད་ཆེན་མོའི་ཐིག་འགྲེལ་དུ་ཡིག་འབྲུ་སོ་སོའི་ཆ་ཤས་རེ་རེ་བ་བཞིན། དཔངས་ཞེང་ཕྲ་སྦོམ་ཕབ་འཇོག་གི་ཆ་གྲངས་བགོས་པ་ཆེས་ཕྲ་ཞིང་ཞིབ་པ་ཞིག་ལགས་ནའང་། ལས་དང་པོ་བ་ཞིག་ལ་མཚོན་ན་ཐོག་མར་སློབ་པ་ལ་བློས་ཆུན་དཀའ་བར་སྣང་བས། འདིར་ཐིག་ཁོངས་ཀྱི་ལང་ཚེ་དགུ་ལ་བསྒྲིལ་ཏེ་བྲིས་ཤིང་། ཡིག་འབྲུ་སོ་སོའི་ཡན་ལག་གམ་ཆ་ཤས་རེ་རེའི་མིང་སྡོམ་ཚིག་ལས་བཤུས་ཏེ་མཆན་གྱི་ཚུལ་དུ་བཀོད། ”[6]ཅེས་བོད་ཡིག་གི་ཡིག་གཟུགས་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཐད་རང་གི་སྦྱང་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས། སྔོན་གྱི་ཡིག་མཁན་ཚོའི་ཕྱག་རྒྱུན་གྱི་གཟུངས་ཐག་མ་བོར་བར་མ་ཉམས་གོང་འཕེལ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱས་རྗེས་རླབས་ཆེན་བཞག་ཡོད་ལ། དུས་དེ་ནས་བཟུང་སྟེ་སྨོན་ལམ་ཡིག་རྒྱུན་ཞེས་ཁྱད་ཆོས་བླ་རུ་འཕགས་པའི་བྲིས་རྒྱུན་ཡན་གར་བ་ཞིག་གི་སྙན་པའི་གྲགས་པ་བོད་གངས་ཅན་གྱི་ཡིག་མཁན་མང་པོའི་དབུས་སུ་ཉི་མ་ཉིན་གུང་གི་ཚུལ་གྱིས་གཟུགས་ཅན་བཞིན་ཝ་ལེར་ཁྱབ། དེ་མུར་ཁོང་གིས་ད་དུང་ཕྱག་ལས་སྣ་ཚོགས་ཀྱི་རྒྱུན་སྐྱོང་ཞོར། གཞུང་ལུགས་སྨྲ་བའི་ཁྱུ་མཆོག་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི《དེབ་ཐེར་རྒྱ་མཚོའམ་མདོ་སྨད་ཆོས་འབྱུང》ལྕགས་དཔར་དུ་འདེབས་སྐབས། ཤིང་དཔར་གྱི་ཡིག་ནོར་འགའ་རེར་ཞུ་དག་གི་འགན་ཁུར་བ་དང་། བླ་བྲང་དགོན་པའི་གསུང་རབ་དཔར་ཁང་གི་ཡིག་གཟུགས་བརྗེ་སྤོར། སྔགས་ཡིག་གི་ཡིག་འབྲུ་གསར་སྣོན་སོགས་རྒྱལ་ཡོངས་སུ་བོད་ཡིག་དཔར་ཁང་རྣམས་ལས་དཔར་ཁ་ཚང་ཤོས་སུ་འགྱུར་བར་གཙོ་ཁྲིད་ཀྱི་ནུས་པ་ཐོན་ཡོད་རབས་ཁོང་གི་རང་རྩོམ་སོགས་སུ་གསལ་ལ། སྐབས་དེའི་མདོ་སྨད་གཙོས་བོད་བྱིངས་ཀྱི་རིག་གནས་ཀྱི་བསྟན་པ་ཡར་ངོའི་ཟླ་བཞིན་འཕེལ་བར་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པས། ཁོང་གི་གསར་གཏོད་ལས་འཁྲུངས་པའི་ཤེས་རིག་གི་ཉིང་ཁུ་རེ་རེ་ལས། ང་ཚོས་མི་བུ་ཞིག་གི་སྒལ་ཚིགས་དང་སྙིང་སྟོབས་དྲན་འོས་སོ།།

       དེ་མིན་ད་དུང་དམ་པ་ཁོང་ཉིད་སྐལ་ལྡན་སློབ་བུ་དག་གི་ཐོས་བརྩོན་ལེགས་བྱས་དགེ་བའི་བསོད་ནམས་ཀྱི་དཔྱིད་དུ་ཤར་ཏེ། མ་རིག་མུན་པ་སེལ་བའི་ཤེས་བྱ་ཡི་བུམ་ཆུ་ཅི་དགར་བསྩལ་བ་ནི་རང་རྩོམ《མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ》ཞེས་པར། “སྤྱི་ལོ1980ལོའི་ལོ་མཇུག་ནས། ཀན་ལྷོ་ཁུལ་ཏང་སྲིད་ཀྱིས་བཀོད་སྒྲིག་གནང་བ་ལྟར། མི་རིགས་སློབ་གྲྭར་ལས་གནས་སྤར་ཏེ་སློབ་གཙོ་གཞོན་པའི་འགན་ཁུར། དེ་ནས་བཟུང་སློབ་གྲྭའི་ཏང་སྲིད་ཀྱི་མགོ་ཁྲིད་པ་སྔ་ཕྱི་ཚོའི་བྱམས་བརྩེའི་རྒྱབ་སྐྱོར་དང་དགེ་རྒན་རྣམ་པའི་རོགས་རམ་འོག་ཏུ་ཕྱོགས་གཅིག་ནས་མི་རིགས་སློབ་གསོ་དང་འབྲེལ་ཡོད་ཀྱི་སྲིད་དོན། ཕྱོགས་གཅིག་ནས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་སྔ་ཕྱི་སོགས་ལ《སུམ་རྟགས་གཉིས་ཀྱི་རྩ་བ》སོགས་སློབ་ཁུལ་བྱས།” [7]ཞེས་བཀོད་ཡོད་ལ། ལྷག་པར། དམ་པ་ཁོང་ནི་ཁྲིད་ཀྱི་བགྱི་བ་ལ་འཇུག་ཚེ་སྔོན་བྱོན་དམ་པའི་སྲོལ་བཟང་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱས་ཏེ། ཁྲིད་རྒྱུན་གསེར་གྱི་རྨུ་ཐག་བསྐལ་བརྒྱར་བསྲིང་རྒྱུའི་རེ་འདུན་གྱི་ཆུ་མིག་ཀློང་ནས་བརྡོལ་བའི་མཁས་ཉམས་ཀྱི་ཁེངས་པ་རིང་དུ་བོར་མཁན་ཞིག་ཡིན་ལ། རྩ་བ་བོར་ནས་ཡལ་ག་འཛིན་ཚུལ་གྱི་རྡོག་ལམ་གང་སར་མི་སྤོ་བའི་བརྟུལ་ཞུགས་ཚང་བ་ནི། གོང་སྨྲས་རང་རྩོམ་དེ་རུ། མ་ཧཱ་པཎྜི་ཏ་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་མཚན་ཅན་གྱིས་མཛད་པའི་སུམ་རྟགས་འགྲེལ་བ《ཀུན་བཟང་དགོངས་རྒྱན》འཁྲིད་བྱའི་སྲོག་ཏུ་བཟུང་། མཁས་བཙུན་བཟང་གསུམ་གྱི་བདག་ཉིད། ཕྲན་གྱི་སློབ་དཔོན་རིན་པོ་ཆེ་དམུ་དགེ་བསམ་གཏན་ལགས་ཀྱིས་མཛད་པའི་བོད་ཀྱི《ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》 《བརྡ་སྤྲོད་བློ་གསལ་དགའ་སྟོན》 《བོད་དུ་རིག་གནས་དར་ཚུལ་མདོ་ཙམ་བརྗོད་པ》 གཞན་ཡང་མཁས་པའི་དབང་བོ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་མཛད་པའི《ཐོན་མིའི་ཞལ་ལུང》དང《སི་ཏུའི་འགྲེལ་ཆེན》 《གསེར་ཏོག་སུམ་རྟགས》སོགས་ཀྱིས་ཟུར་བརྒྱན་ཏེ་སློབ་ཁྲིད་བྱེད་ཁུལ་བྱས། [8]ཞེས་པར་གསལ་བོར་རྟོགས་ནུས་ཤིང་། ད་དུང1987ལོར་ཀན་ལྷོ་ཁུལ་རྒྱང་སྒྲོག་ཅུས་ཀྱི་རེ་ཞུས་ལྟར། དམ་པ་གོང་མའི་ཁྲིད་རྒྱུན་ལྟར《དག་ཡིག་མཁས་པ་དགའ་སྐྱེད》རླུང་འཕྲིན་དཔེ་ཁྲིད་མཛད་པ་ལ་ཁུལ་ཕྱི་ནང་གི་རྒྱ་ཆེའི་ཉན་མཁན་གྱི་དགའ་བསུ་ཆེན་པོ་ཐོབ་ཚུལ་སོགས་དངོས་བརྒྱུད་ཅི་རིགས་ཀྱིས་སློབ་བུའང་མང་པོ་ཞིག་བསྐྱངས་ཡོད་ལ། གསར་རྙིང་གི་གྲུབ་མཐའ་རིས་སུ་མ་བོར་བར་གནས་ལུགས་དང་བདེན་དོན་ཡོད་ཚད་བླ་རུ་བཀུར་ནས། རང་ཉིད་ཀྱི་རྣམ་དཔྱོད་ཕྲ་མོས་ཡང་ཡང་དཔྱད་དེ་བུ་སློབ་རྣམས་ཀྱི་བློ་ཡི་མཐོ་དམན་ལ་གཞིགས་ཏེ་ཆུ་ལ་ཆུ་བཞག་གིས་སློབ་ཁྲིད་བྱེད་པའི་རྩ་དོན་དག་ཀྱང་སློབ་གསོའི་ལས་དོན་ལ་ཕུལ་བའི་ལེགས་སྐྱེས་གཙང་སིང་ངེ་བ་ཞིག་ཅི་ལ་མིན། དེ་བས། མི་རིགས་སློབ་གསོའི་ལས་དོན་ལ་འབད་འབུངས་བྱེད་བཞིན་པའི་ཁོང་གི་ལྷག་བསམ་གྱི་འོ་ཟོ་ལས་བསྲུབས་པའི་མར་ལོ་ལྟ་བུའི་སློབ་བུ་རྣམས་གཙོས་རྗེས་རབས་པ་ང་ཚོས་དམ་པ་གང་གི་བཀའ་དྲིན་ལ་རྗེས་སུ་ཡི་རངས་དང་དྲིན་གཟོའི་དོད་དུ་གླེང་བར་བྱས་ན་ནི། བློ་དམན་པ་རང་ཅག་ལ་ངེས་ཤེས་ཟབ་མོ་རེ་འདྲོངས་ཐུབ་སྙམ།


མཇུག་སྡུད་པ།

    མདོར་ན། གོང་སྨྲས་མཛད་རྣམ་དང་འབྲེལ་བའི་ལས་དོན་རེ་རེ་ནི་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོར་བསྒྲུབས་པའི་དོན་བྱ་ཐོར་རེ་བ་ཞིག་ལས། 1952ལོ་ནས1958ལོའི་བར་དུ་བསྒྲུབས་པ་རྐྱང་རྐྱང་ཞིག་མིན་མོད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་ཡིས་བསྐོས་པའི་དྲུང་ཡིག་ཁོང་ནི་རིག་གསར་གྱི་རྗེས་སུ་ཉི་མ་བླ་བྲང་དང་འབྲེལ་བ་གང་ཡང་མེད་ཅེས་འབྲེལ་ཡོད་རྒྱུ་ཆ་སོགས་གང་དུའང་མཐོང་རྒྱུ་མི་འདུག་ལ། ལྷག་པར། 1982ལོའི་རྗེས་སུ་བླ་བྲང་དགོན་པའི་གསུང་རབ་དཔར་ཁང་གི་ཡིག་གཟུགས་གསར་བརྗེ་མཛད་པ་སོགས་ཀྱིས་མཚོན་པའི་དགོན་པ་དང་འབྲེལ་ཡོད་ཀྱི་བྱ་གཞག་རླབས་པོ་ཆེ་རེ་བསྒྲུབས་ཡོད་པ་རྐྱེན་བྱས། ཁོང་གི་མི་ཚེ་ཧྲིལ་པོའི་ཆོས་སྲིད་ཀྱི་བྱ་གཞག་མཐའ་དག་སྔར་བཞིན་ཉི་མ་བླ་བྲང་གི་དྲུང་ཡིག་གི་ལས་དོན་དང་སྦྲགས་ནས་གླེང་ན་དོན་དང་མི་འགལ་ཞིང་། གླེང་རི་བ་ཞིག་ཀྱང་རེད་སྙམ། །


    ལུང་ཁུངས།

    [1]སྨོན་ལམ་རྒྱ་མཚོ། མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ། [J] གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ། 2002ལོའི་འདོན་ཐེངས་དང་པོ། 11

[2]སྔོ་དེའུ་སྒོམ་པ་བཀྲ་ཤིས་དང་། འབོ་རའི་རྟ་མགྲིན་ཐར། མཁས་དབང་སྨོན་ལམ་རྒྱ་མཚོའི་གསུང་རྩོམ་ཕྱོགས་བསྒྲིགས། [M]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2019:14

[3] 耿哲,倾情传承民族优秀传统文化的辉煌人生及其宝贵精神遗产,[c] 兰州 2019.12

[4]སྔོ་དེའུ་སྒོམ་པ་བཀྲ་ཤིས་དང་། འབོ་རའི་རྟ་མགྲིན་ཐར། མཁས་དབང་སྨོན་ལམ་རྒྱ་མཚོའི་གསུང་རྩོམ་ཕྱོགས་བསྒྲིགས། [G]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2019:12

[5]སྨོན་ལམ་རྒྱ་མཚོ། མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ། [J]གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ།2002ལོའི་འདོན་ཐེངས་དང་པོ། 11

[6]སྨོན་ལམ་རྒྱ་མཚོ། མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ། [J]གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ།2002ལོའི་འདོན་ཐེངས་དང་པོ། 11

[7]སྨོན་ལམ་རྒྱ་མཚོ། མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ། [J]གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ། 2002ལོའི་འདོན་ཐེངས་དང་པོ། 12

[8]སྨོན་ལམ་རྒྱ་མཚོ། མི་རིགས་སློབ་གསོ་ལེགས་པར་སྤེལ་ནས་ཅན་བཞིའི་ཆེད་དུ་ཤེས་ལྡན་སྐྱེད་རྒྱུ། [J]གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ། 2002ལོའི་འདོན་ཐེངས་དང་པོ། 12

(སྒྲོལ་མ་སྐྱབས།  མཚོ་སྔོན་དགེ་འོས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཡིན།)