རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-17   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
ཟླ2པའི་ཚེས14ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཉན་པོ་གཡུ་རྩེ་སྲུང་སྐྱོབ་ཡན་ལག་ཁུལ་དུ་གསའ་དར་མ་གཉིས་མཐོང་བ་དང་། དེ་ནི་ཡུལ་དེ་རུ་ཐེངས་དང་པོར་ཕབ་པའི་གསའ་ཡི་གཟུགས་བརྙན་གསལ་པོ་དེ་ཡིན།
ཟླ2པའི་ཚེས12ཉིན། གཉན་པོ་གཡུ་རྩེ་ལྗོངས་ཁུལ་སྲུང་སྐྱོབ་དོ་དམ་ཅུས་སུ་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་གི་འབྲོག་པ་ཞིག་གིས་ཡར་ཞུ་བྱེད་རྒྱུར། ཁོ་ཚང་གི་བེའུ་ཞིག་བོར་ནས་མ་རྙེད་པར། གསའ་ཡིས་བསད་པའི་ངེས་པ་ཆེ་ཟེར། གནས་ཚུལ་དེ་ཤེས་རྗེས། གཉན་པོ་གཡུ་རྩེ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་མྱུར་དུ་མི་སྣ་མངགས་ནས་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། བསྟུད་མར་ཉིན་གསུམ་གྱི་རིང་ལ་རྗེས་དེད་པ་དང་ཡུལ་དེ་རུ་སྒུག་པའི་མཐའ་མར་སོག་རུ་མ་ཞང་གི་ཡུལ་ཁོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་སྨི4500ཡོད་པའི་བྲག་རྫོང་ཁུལ་དུ། མི་མེད་གནམ་གྲུས་གསའ་དར་མ་གཉིས་ཀྱི་གཟུགས་བརྙན་གསལ་པོ་ཕབ་ཐུབ་པ་བྱུང་།
གསའ་ནི་ཞི་ལ་ཆེན་པོ་རིགས་ཀྱི་སྲོག་ཆགས་ཡིན་ལ། རྒྱུན་ལྡན་དུ་མཚོ་ངོས་ལས་མཐོ་ཚད་ལ་སྨི2500ནས5000བར་གྱི་རི་རྩེ་རུ་འཚོ་བཞིན་ཡོད། དེ་ལ“གངས་རིའི་རྒྱལ་པོ”རུ་འབོད། 1989ལོར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་སུ་ཚུད་པ་དང་གཟན་ལ་གནའ་ཤ་བསྟེན་པ་ཞིག་ཡིན། རི་བོ་མཐོན་པོའི་སྐྱེ་ཁམས་མ་ལག་གི་ལྟོ་ཆས་སྦྲེལ་ཐག་གི་ཡང་རྩེ་རུ་གནས་ཡོད་པས། གསའ་ནི་ས་མཐོན་པོའི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་འཇལ་བྱེད་ཀྱི“དབུགས་གནོན་དཔྱད་ཆས”སུ་རྩི་བཞིན་ཡོད།
ཉེ་བའི་ལོ་འགའི་རིང་ལ། གཅིག་སྒྲིལ་རྫོང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཀྱི་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁོངས་གཏོགས་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་རི་དྭགས་ལ་སྲུང་སྐྱོབ་དང་དྲིལ་སྒྲོག་བྱེད་པའི་ཤུགས་ཚད་བསྟུད་མར་ཇེ་ཆེར་བཏང་བ་དང་བསྟུན་ནས། ཡུལ་དེའི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་བ་དང་ལྟོ་ཆས་སྦྲེལ་ཐག་ཉིན་རེ་བཞིན་བལྟོས་བཅས་ཀྱིས་ཆ་ཚང་དུ་གྱུར། ཡུལ་དེ་རུ་གནའ་དང་ཕག་རྒོད། གཙོད་ནག གཡི། དགོ་སྐྱ། ཁ་ཤྭ་སོགས་ཀྱི་རི་དྭགས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། །