བདེ་ཆེན་གྱིས་སྨན་རྫས་རིགས121སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་བཞག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-17   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

ཉེ་ཆར། ཡུན་ནན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་དང་ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མཉམ་དུ་ཡིག་ཆ་བཏོན་ནས། བདེ་ཆེན་ཁུལ་བོད་སྨན་ཁང་གི་སེམས་བདེ་སྙིང་གསོ་རིལ་བུ་དང་། བདེ་ཆེན་རྫོང་མི་དམངས་སྨན་ཁང་གི་མཆིན་གསོ་སྨན་རུལ་སོགས་ཀྱི་བོད་ལུགས་སྨན་ཁང་ནང་ཁུལ་གྱི་སྨན་རྫས་རིགས121ཡུན་ནན་ཞིང་ཆེན་སྨན་བཅོས་འགན་བཅོལ་མ་དངུལ་གཏོང་སྤྲོད་ཁྱབ་ཁོངས་སུ་བཞག

    བདེ་ཆེན་ཁུལ་བོད་སྨན་ཁང་ནི་ཡུན་ནན་ཞིང་ཆེན་ནང་ཁུལ་གྱི་བོད་ཀྱི་གསོ་རིགས་ལ་ཞིབ་འཇུག་དང་། ཐོན་སྐྱེད་དང་བོད་སྨན་ནད་བརྟག་སྨན་བཅོས་ཞབས་ཞུ་སྒྲུབ་པའི་མི་རིགས་སྨན་ཁང་ཁོ་ན་ཡིན་ལ། སྨན་ཁང་དེ་ནི་སྨན་བཅོས་དང་ཁམས་གསོ། སློབ་ཁྲིད། བོད་སྨན་སྨན་རྫས་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིམ་པ་གཉིས་པའི་ཀ་བའི་སྨན་ཁང་ཞིག་ཡིན། སྨན་ཁང་གིས་ལོ་ངོ30རིང་གི་དཀའ་སྤྱད་འབད་བརྩོན་གྱིས་ཞིབ་འཇུག་བརྒྱུད་སྔ་རྗེས་སུ་བོད་སྨན་སྨན་རྫས་རིགས140ཐོན་སྐྱེད་བྱས་ཤིང་། དེའི་ཁྲོད་བོད་སྨན་རྩ་ཆེན“མུ་ཏིག་བདུན་བཅུ”དེ་ལོ་མང་པོའི་ནད་ཐོག་སྨན་བཅོས་བེད་སྤྱོད་བྱས་པ་བརྒྱུད་ཕན་ནུས་མངོན་གསལ་ཡིན་པས་རྒྱ་ཆེའི་ནད་པ་དག་གི་ཡིད་ཆེས་ཐོབ་བཞིན་ཡོད། 1997ལོར་ཡུན་ནན་ཞིང་ཆེན་ཞིན་ཧོ་ཚན་རྩལ་རྣམ་གྲངས་ཀྱི་ཨང་གཉིས་པའི་བྱ་དགའ་ཐོབ།



    “ལོ་ངོ30རིང་གི་འཕེལ་རྒྱས་བརྒྱུད། བདེ་ཆེན་བོད་སྨན་ཁང་གིས་ལག་རྩལ་དང་སྨན་རྫས་ཞིབ་འཇུག་ཕྱོགས་ནས་གྲུབ་འབྲས་གཡུར་ཟ་བླངས་ཤིང་། མཐོ་སྒང་གི་ནད་གཞི་སྨན་བཅོས་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་མང་ཚོགས་ཀྱི་ཁས་ལེན་ཐོབ། ཡིན་ཡང་སྔོན་ཆད་སྨན་ཁང་ནང་དུ་སྨན་རྫས་བཟོ་བ་དང་། བོད་སྨན་ནད་བརྟག་སྨན་བཅོས་རྣམ་གྲངས་སོགས་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བཞག་མེད་པས། ནད་པའི་སྨན་པ་བསྟེན་པའི་འགན་ཁུར་ཇེ་ལྗིད་དུ་གྱུར་ཡོད”ཅེས་བདེ་ཆེན་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལེའོ་ཀྲུན་གྱིས་བཤད།

    བདེ་ཆེན་ཁུལ་སྨན་བཅོས་འགན་བཅོལ་ཅུའུ་ཡི་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་ཞང་ཀྲིན་ཕིང་གིས། “ཐེངས་འདིར་བདེ་ཆེན་ཁུལ་བོད་སྨན་ཁང་གི་སྨན་རྫས་རིགས121ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་བཞག་པ་དེ་མི་རིགས་སོ་སོའི་བདེ་ཐང་གི་དགོས་མཁོ་ཡིན་པ་མ་ཟད། ཚད་ངེས་ཅན་ཞིག་གི་ཐོག་ནས་མི་རིགས་སྨན་རྫས་སྨན་ཁང་ནང་ཁུལ་དུ་འཁོར་རྒྱུག་ཐུབ་པར་ཤུགས་སྣོན་བརྒྱབ་ཡོད་པས། ནད་པས་སྨན་རྫས་དང་སྨན་བཅོས་རྣམ་གྲངས་ཀྱི་གདམ་གསེས་དང་། མི་རིགས་མཐུན་སྒྲིལ་ཡོང་བ། མི་རིགས་ས་ཁུལ་གྱི་སྨན་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཐད་དོན་སྙིང་གཏིང་ཟབ་ལྡན་པ་རེད”ཅེས་བཤད། །