ཚེས་26—28བར་པེ་ཅིང་དུ་ཚོགས་འདུ་གལ་ཆེན་ཞིག་འཚོག་མཁན་རེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-22   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        ཟླ་2ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། ད་ལོའི་ཟླ་2ཚེས་26ནས་28ཉིན་བར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུ་གཏན་འཁེལ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚོགས་འདུར་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་ཅིང་། རིམས་ནད་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། འཕེལ་རྒྱས་བདེ་འཇགས་ལྡན་པ་བཅས་བྱེད་དགོས་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཁོག་སྙོམས་སྒྲིག་ལ་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་བྱུང་ཡོད། འདས་ཟིན་པའི་ལོ་5ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། ང་ཚོས་དཀའ་ངལ་དང་ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ཞིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། 
        ཚོགས་འདུར་ནན་བཤད་བྱས་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་སྟར་འགོ་ཚུགས་པའི་ལོ་རེད། སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་དེ་བས་སྤྱི་འདོམས་ཡག་པོ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་སྤྱི་འདོམས་ཡག་པོ། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་སྤྱི་འདོམས་ཡག་པོ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། ཁྲོམ་རའི་ཡིད་ཆེས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་ཟུང་འབྲེལ་དམ་ཚགས། འཕར་ཚུལ་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བའི་ལས་དོན་གཙོ་གནད་ཡག་པོ་སྒྲུབ་པ། ཉེན་ཁ་ཆེ་རིགས་འགོག་སེལ་ནུས་ལྡན། དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་རུ་ནུས་ལྡན་དང་འབོར་ཚད་ལུགས་མཐུན་འཕར་བ། དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བ། སྤྱི་ཚོགས་སྤྱི་ཡོངས་མུ་མཐུད་བརྟན་ལྷིང་ཡོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་དགོས།