རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-24   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།
ཁ་རླངས་ལ་དྲི་ངན་བྲོ་ན། དེ་ནི་ཕལ་ཆེར་ནད་རིགས་ག་གེ་མོ་ཕོག་པ་དང་འབྲེལ་བ་ཡོད་ཟེར། བཤད་ཚུལ་དེ་བདེན་པ་ཡིན་ནམ། ཁ་ནང་དུ་དྲི་ངན་བྲོ་བ་ཇི་ལྟར་མེད་པར་གཏོང་ངམ་ཞེ་ན།
གཅིག ཁ་རླངས་ལ་དྲི་ངན་བྲོ་བ་ནི་ཟ་མ་སྣུམ་ཅན་ཟོས་པ་དང་འབྲེལ་བ་ཡོད་དམ།
ཁ་ནང་དུ་དྲི་ངན་བྲོ་བ་ནི་ཟ་མ་ཟོས་པ་དང་ཐད་ཀར་འབྲེལ་བ་ཡོད། ཟ་མ་སྣུམ་ཅན་ཡིན་དྲགས་ན། འཇུ་དཀའ་བའི་དབང་གིས། ཟས་འཇུ་མ་ཐུབ་པའི་དབུགས་དེ་ཕོ་རྒྱུ་དང་མིད་པའི་ནང་ནས་ཕྱིར་ཡོང་བ་དང་། དེ་ནས་ཁ་ནང་དུ་དྲི་ངན་བྲོ་བར་བྱེད་པ་ཡིན།
གཞན་ད་དུང་། གལ་ཏེ་ཁ་ནང་ལ་གཙང་སྦྲ་བྱས་པ་མ་ལེགས་པར་ཟ་མའི་སྙིགས་རོ་སོ་བར་དུ་ལུས་ཡོད་ནའང་། ཁ་ནང་དུ་དྲི་ངན་བྲོ་བ་ཡིན།
གཉིས། ཁ་ནང་དུ་ན་ལུགས་རང་བཞིན་གྱི་དྲི་ངན་བྲོ་བ་ལ་རྒྱུ་རྐྱེན་གང་དག་ཡོད་དམ།
ཀ ཁ་ནང་ནས་བྱུང་བའི་དྲི་ངན་གྱི་རིགས་ཏེ། སྤྱིར་བཏང་དུ་ཟ་མའི་སྙིགས་རོ་སོ་བར་དང་སོ་ཁུང་དུ་ལུས་པའམ་ཡང་ན་སོ་མཐའ་རུལ་ནད་དང་སོ་རུལ་བ་བཅས་ཀྱི་དབང་གིས་བསྐྱེད་པ་ཡིན།
མིའི་ཁ་ནང་གི་འབུ་ཕྲ་ནི་དབྱང་རླུང་བྲལ་བའི་འབུ་ཕྲ་ཡིན་ཞིང་། དབྱང་རླུང་བྲལ་བའི་འབུ་ཕྲ་ལས་ཐོན་པའི་འབུ་ཕྲའི་ཟགས་དངོས་ནས་དྲི་ངན་འབྱུང་སླ་བ་ཡིན།
ཁ ཁ་ནང་ནས་བྱུང་བ་མ་ཡིན་པའི་དྲི་ངན་གྱི་རིགས་ཏེ། སྣ་ཁུང་དང་མིད་པ། དབུགས་ལམ། ཕོ་རྒྱུ། འཇུ་ལམ་བཅས་ཁ་ནང་དང་ཉེ་བའི་དབང་གནས་ལ་གནད་དོན་བྱུང་ན། ཁ་ནང་དུ་དྲི་ངན་འབྱུང་བ་ཡིན།
དཔེར་ན། ལྐོག་རྨེན་རྣག་འབྱམས་གཉན་ཚད་དང་གློ་ཡུའི་གཉན་ཚད། གློ་ཚད། དལ་གཤིས་ཕོ་བའི་གཉན་ཚད། དལ་གཤིས་རྒྱུ་མའི་གཉན་ཚད་སོགས་ཀྱིས་དབུགས་ལམ་མམ་ཡང་ན་འཇུ་ལམ་ནས་དྲི་ངན་བསྐྱེད་པ་ཡིན།
གསུམ། ཁ་ནང་དུ་དྲི་ངན་བྲོ་བ་ནི་ནད་རིགས་ག་གེ་མོ་ཕོག་པའི་རྟགས་ཡིན་ནམ།
ཁ་ནང་དུ་དྲི་ངན་བྲོ་བ་ནི་རྒྱུ་རྐྱེན་མང་བོས་བསྐྱེད་པའི་སྣང་ཚུལ་ཞིག་ཡིན་སྟབས། རྒྱུ་རྐྱེན་གང་ཡིན་ལ་བརྟག་དཔྱད་ནན་མོ་བྱ་དགོས་པ་དང་། དྲི་ངན་མི་འདྲ་བ་ལས་ཕལ་ཆེར་ནད་རིགས་མི་འདྲ་བ་ཕོག་པ་སྟོན་བཞིན་ཡོད།
དཔེར་ན། ཁ་ནང་དུ་ཀུ་ཤུ་རུལ་བའི་དྲི་མ་བྲོ་ན། རྒྱུན་ལྡན་དུ་གཅིན་པ་མངར་འགྱུར་གྱི་ནད་ཡིན་པ་དང་། དྲི་མ་མངར་མོ་བྲོ་ན། ཕལ་ཆེར་མཆིན་པའི་བྱེད་ནུས་འཐུས་ཚང་མིན་པ་མཚོན། ཉ་དྲི་བྲོ་ན། ཕལ་ཆེར་མཁལ་མའི་བྱེད་ནུས་མི་ཚང་བ་དང་། ཤ་རུལ་བའི་དྲི་མ་བྲོ་ན། ཕལ་ཆེར་གློ་བར་རྣག་ཁུག་པ་མཚོན།
ཡིན་ནའང་། ཁ་ནང་དུ་དྲོ་བའི་དྲི་ངན་ཁོ་ནར་གཞིགས་ནས་ནད་རིགས་གང་ཡིན་ཐག་གཅོད་བྱེད་པ་ནི་ཚན་རིག་གི་བྱེད་ཐབས་མིན་སྟབས། སྨན་ཁང་དུ་ཕྱིན་ཏེ་བརྟག་དཔྱད་ཞིབ་མོ་བྱ་དགོས།
བཞི། ཁ་ནང་དུ་དྲི་ངན་བྲོ་བ་ཇི་ལྟར་མེད་པར་གཏོང་ངམ།
ཀ ཞོགས་པར་ཡར་ལངས་རྗེས་ཆུ་ཁོལ་མང་དུ་འཐུངས་ན། མཆིལ་མའི་རྨེན་རྩ་ཡི་འཛག་ཚད་ཇེ་མང་དུ་འགྲོ་བ་ཡིན།
ཁ མི་ཁ་ཤས་ཀྱི་ལྕེ་དྲེག་ཅུང་མཐུག་སྟབས། དེ་ཉིད་བྲད་ནས་གཙང་སྦྲ་ལེགས་པོ་བྱ་དགོས།
ག ཁ་རླངས་གཙང་གསལ་གཤེར་ཁུ་དང་ཁ་བཤལ་བྱེད་ཀྱི་ཆུ་སྤྱད་ནས་དྲི་ངན་བསལ་དགོས་པ་བཅས་སོ།།