རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-01   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
བོད་སྐྱོར་དགེ་རྒན་དང་ནུབ་རྒྱུད་འཆར་གཞིའི་སློབ་གསོ་རོགས་སྐྱོར་ཚོགས་པ་དང་། “རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི”སོགས་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག སློབ་གྲྭའི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་རྒྱུན་མཐུད་ཆེ་རུ་འགྲོ་བ་དང་སློབ་གསོའི་སྤུས་ཚད་མངོན་གསལ་མཐོར་འདེགས་སུ་ཕྱིན་ཡོད།
པར་འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་གིས་ལུས་རྩལ་འགྲན་ཚོགས་སྤེལ་བའི་རྣམ་པ་རེད།
“ངས་མེ་ཏོག་རྫོང་དུ་སློབ་གསོའི་ལས་དོན་གཉེར་ནས་ལོ18འགོར་སོང་། དངོས་ནས་གནམ་ས་བླ་འོག་ལྟ་བའི་འཕོ་འགྱུར་བྱུང་ཡོད”ཅེས་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་གཙོ་ཏིང་ཧུའེ་དབྱི་ཡིས་བཤད།
མེ་ཏོག་རྫོང་ནི་བོད་རང་སྐྱོང་ལྗོངས་ཤར་ལྷོའི་རྒྱུད་དུ་གནས་པ་དང་ངོས་གསུམ་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་བསྐོར་ཡོད་པས། དེ་གར་སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མིན་པ་དང་དངོས་ཟོག་ཧ་ཅང་དཀོན་པ་རེད། 2005ལོར་ཧོ་ནན་ཞིང་ཆེན་ནས་ཡོང་བའི་ཏིང་ཧུའེ་དབྱི་སློབ་མཐར་ཕྱིན་རྗེས་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་དུ་ཡོང་ནས་དགེ་རྒན་གྱི་བྱ་བ་སྒྲུབ་པ་རེད།
ཁོང་གིས“ཐོག་མར་བྱ་བར་ཞུགས་རྗེས་ངའི་བྱ་བ་གཙོ་བོ‘སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན’གྱི་ཐོག་བཞག་པ་ཡིན”ཞེས་བཤད།
2013ལོའི་ཟླ10པར། ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་མཁར་དབར་དུ་ཁྲབ་མེ་གཞུང་ལམ་ཤར་གཏོང་བྱས་ཤིང་། མེ་ཏོག་རྫོང་གི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་མངོན་པ་དང་། སློབ་གསོའི་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་ཕྱིན་པ། སློབ་གྲྭའི་རྣམ་པ་གསར་བརྗེས་བྱུང་བ། མི་དམངས་ཀྱི་སློབ་གསོའི་འདུ་ཤེས་ཀྱང་རིམ་བཞིན་འགྱུར་མགོ་བརྩམས་པ་རེད།
པར་འདི་ནི་མེ་ཏོག་རྫོང་འབྲས་སྤུངས་ཤང་སློབ་ཆུང་གི་སློབ་མས་ལྟ་ཀློག་ཁང་དུ་དཔེ་ཆ་ལྟ་བཞིན་པའི་རྣམ་པ་རེད།
“ད་ལྟ་སློབ་གྲྭའི་སློབ་མ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ན་ནིང་སློབ་མ400ཡོད་པ་དང་ད་ལོར534བར་ཇེ་མང་དུ་ཕྱིན་ཡོད”ཅེས་ཏིང་ཧུའེ་དབྱི་ཡིས་བཤད། དེང་སྐབས། དགེ་རྒན་དཔུང་སྡེའི་སྟོབས་ཤུགས་སྔར་བས་མཐོར་འདེགས་སུ་ཕྱིན་ཡོད་པས། རྫོང་མཁར་དུ་ཡོང་ནས་སློབ་ཁྲིད་བྱེད་པའི་ཕུལ་བྱུང་དགེ་རྒན་དང་ཤེས་ལྡན་པ་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད།
‘སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན’ལ་མཐོང་ཆེན་བྱེད་པ་ནས་སློབ་གསོའི་སྤུས་ཚད་མཐོར་འདེགས་ལ་མཐོང་ཆེན་བྱས་ནས་མེ་ཏོག་རྫོང་གི་སློབ་གསོ་སྐས་རིམ་གསར་བ་ཞིག་ཏུ་སྤོས་ཡོད། སློབ་གྲྭ་ཆུང་འབྲིང་མི་ཉུང་བ་ཞིག་གིས་དགའ་སྣང་འཛིན་གྲྭ་སྒྲུབ་གཉེར་བྱས་ཡོད་ལ། དེ་དག་ཏུ་མིག་མངས་དང་མཉམ་ལེན་རུ་ཁག ཞབས་བྲོ་སོགས་འདུས་ཤིང་། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད།
ལོ་ངོ་བཅུའི་སྔོན་དུ་མེ་ཏོག་རྫོང་དུ་སློབ་གྲྭ་ཆུང་འབྲིང9དང་རྫོང་རིམ་པའི་བུ་བཅོལ་ཁང1མ་གཏོགས་མེད། དེང་སྐབས། འདི་གར་སློབ་གྲྭ40སྐྲུན་ཡོད་པ་དང་། དགེ་རྒན294དང་སློབ་གྲྭར་ཡོད་པའི་སློབ་ཕྲུག2622ཡོད། སློབ་སྔོན་སློབ་གསོའི་བུ་བཅོལ་ཁང་དུ་ཞུགས་པའི་ཚད97.8%ལ་སླེབས་ཡོད་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བའི་ཚད100%ལ་སླེབས་ཡོད།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད། 2012ལོ་ནས2021ལོའི་བར། བོད་ལྗོངས་ཀྱི་སློབ་གསོ་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2154བཏང་བ་དང་། སློབ་མར་རོགས་སྐྱོར་གྱི་སྲིད་ཇུས40ཟིན་ནས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར301དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་ཁྲི1697ལ་སླེབས་ཡོད། 2022ལོར། ལྗོངས་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ནང་ཞུགས་པའི་ཚད་དང་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བའི་ཚད། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོར་ཞུགས་པའི་ཚད། མཐོ་རིམ་སློབ་གསོར་ཞུགས་པའི་ཚད་སོ་སོར89.33%དང་། 97.73%། 91.10%། 57.42%ལ་སླེབས་ནས། སློབ་གསོའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད། །