རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-06   རྩོམ་ཁུངས།    མི་དམངས་དྲ་བ།
ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ལི་ཆང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་བཅས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ།དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་དང་། ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཧྲའོ་ཧུང་གིས་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྙན་སྒྲོན་གནང་བ།
ཟླ་3ཚེས་4ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ།
ཟླ་3ཚེས་4ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་དབང་དབྱང་གིས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུ་བཞིན་པ།
ཟླ་3ཚེས་4ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཝང་ཧུའུ་ཉིང་གིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ངར་སེམས་ཆེར་བསྐྱེད་ཀྱིས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་ནས་སླར་ཡང་དུས་རབས་ཀྱི་ལེའུ་གསར་རྩོམ། འོད་སྟོང་འཕྲོ་བའི་ལོ་ཟླ་འགྲིམ་ཞིང་། མཐུན་སྒྲིལ་དང་དམངས་གཙོ་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བྱེད་མཁན་མི་དམངས་སྲིད་གྲོས་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་བསུས་པ་སྟེ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ཚེས་4ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། ཟླ་བ་གསུམ་པར་པེ་ཅིང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་ནང་གློག་འོད་རབ་ཏུ་གསལ་བ་དང་རྣམ་པ་སྒམ་བརླིང་ལྡན་ལ་འཁྲུག་ཆ་དོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་ཀྲུའུ་ཞི་སྡིངས་ཆའི་དབུས་སུ་བཀལ་བ་དང་དམར་མདངས་བཀྲ་བའི་དར་དམར་བཅུ་གཡས་གཡོན་གཉིས་སུ་བསྒྲིགས་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཨུ་ཡོན་2169ཕེབས་དགོས་པ་ལས་དངོས་སུ་ཨུ་ཡོན་2132ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཧྲེ་ཐའེ་ཧྥུང་། ཧུའུ་ཁྲུན་ཧྭ། ཧྲེན་གཡོད་གཡོད། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
ཕྱི་དྲོའི་ཆུ་ཚོད་གསུམ་པར་ཝང་ཧུའུ་ཉིང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་གནང་ཞིང་། དབང་དབྱང་གིས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་བརྗིད་ཆེའི་འཆར་གཞི་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་མུ་མཐུད་ལག་བསྟར་གཏིང་ཟབ་བྱེད་པ། འགན་ནུས་ཁག་ལག་བསྟར་ནན་ཏན་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་གནང་སྐབས་དབང་དབྱང་གིས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱས་ཏེ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་འགོ་ཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་ཐོག་མར་འཚོགས་ནས《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》བཟོས་ཏེ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་བྱས་ཡོད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པ་དང་། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་དངོས་གཉེར་གོ་ཆོད་ངང་ཟབ་ཏུ་གཏོང་བ། ནུས་སེམས་གཅིག་སྒྲིལ་གྱིས་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་རམ་འདེགས་བྱེད་པ། དུས་བསྟུན་མདུན་སྐྱོད་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་དང་ཉམས་འགྱུར་གསར་པ་མངོན་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།
དབང་དབྱང་གིས་སྙན་སྒྲོན་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་པ། སྲིད་གྲོས་ཀྱི་གྲོས་མོལ་སྤུས་ཚད་མཐོ་རུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་གྱུར་གྱི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ། ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལས་དོན་གསར་གཏོད་ལ་སྐུལ་འདེད་གཏོང་བ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་བདུན་ཐད་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ལས་དོན་ལ་ཕྱིར་དྲན་གནང་བ་དང་། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པ། ངེས་པར་དུ་ལྟེ་བའི་ལས་དོན་ལ་དམིགས་ནས་གྲོས་མོལ་གྱི་ཕན་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ། ངེས་པར་དུ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བྱེད་པ། ངེས་པར་དུ་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་སོགས་ཀྱི་མྱོང་ཚོར་གཙོ་བོར་ཕྱོགས་སྡོམ་གནང་བ་མ་ཟད། སླད་ཕྱིན་གྱི་ལས་དོན་ཐད་གྲོས་འགོ་ཡང་བཏོན་གནང་བ་རེད།
སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཀྲའོ་ཧུང་གིས་ཚོགས་ཆེན་ལ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྙན་སེང་ཞུས་པ་རེད། ཁོང་གིས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རིང་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས“རྒྱལ་ཁབ་ཀྱི་དོན་ཆེན”དང་དམངས་ཀྱི་དོ་ཁུར་ལ་དམ་པོར་དམིགས་ནས་གྲོས་གཞི་འདོན་པ་དང་། དྲང་གཏམ་ཤོད་པ། བྱ་ཐབས་དངོས་འདོན་པ། ཐུན་མོང་གི་ངོས་འཛིན་གཅིག་གྱུར་བཅས་བྱས་ཡོད། ལོ་ལྔའི་རིང་། ཁྱོན་བསྡོམས་གྲོས་གཞི་ཁག་29323འབྱོར་བ་དང་གྲོས་གཞི་23818ལ་ཞིབ་བཤེར་ཐོ་འགོད་བྱས་ཡོད། 2023ལོའི་ཟླ་2པའི་ཟླ་མཇུག་བར་གྲོས་གཞི་99.8%ལ་བསྒྲུབས་ལན་སློག་ཟིན་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་གྲོས་མོལ་གཏིང་ཟབ་བྱས་པས་གྲོས་གཞིའི་ནང་གི་བསམ་འཆར་དང་གྲོས་འགོ་མང་པོ་འབྲེལ་ཡོད་འཆར་འགོད་སྲིད་ཇུས་དང་བྱ་ཐབས་ཁྲོད་མངོན་ཡོད་ཅེས་གསུངས་པ་རེད།