རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-06   རྩོམ་ཁུངས།    མི་དམངས་དྲ་བ།
ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས་པ།
ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བཞིན་པ།
ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཀྲའོ་ལེ་ཅིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་ཚེས་5ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསར་པའི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་སྒྲུབ་ཀྱི་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀན་ཅེ་དང་། ལི་ཧུང་ཀྲུང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཧོ་ཝེ། ཝུའུ་ཝུའེ་ཧྭ་བཅས་ཀྲུའུ་ཞིའི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།
ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྡིངས་ཆར་བཞུགས་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འཐུས་མི་2977ཕེབས་དགོས་ཤིང་། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི་2948ཕེབས་ཡོད་པ་དང་འཐུས་མི་29ཕེབས་ཐུབ་མེད་པས། ཚོགས་འདུར་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་9པར་ཀྲའོ་ལེ་ཅིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས། ཚང་མ་ཡར་བཞེངས་ནས་དམག་དཔུང་རོལ་ཆ་རུ་ཁག་གི་རམ་དཀྲོལ་འོག་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་ཁྱོན་ཆ་ཤས་གཉིས་སུ་ཕྱེ་ཡོད་པ་སྟེ། གཅིག་ནི་འདས་པའི་ལོ་གཅིག་དང་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་མིག་ལྟ་བ་དང་། གཉིས་ནི་འདི་ལོའི་སྲིད་གཞུང་གི་ལས་དོན་སྐོར་གྱི་གྲོས་འགོ་རེད།
ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། 2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། རྦ་རླབས་དྲག་ཏུ་འཕྱུར་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་། ནད་ཡམས་འགོག་ཟོན། དཔལ་འབྱོར་བརྟན་འཁྱོངས། གོང་འཕེལ་བདེ་འཇགས་བཅས་བྱེད་དགོས་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གཞི་ཆེའི་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོར་གཏོང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་བཅས་བྱུང་ནས། རང་རྒྱལ་གྱི་འཕེལ་རྒྱས་ལ་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པའི་གྲུབ་འབྲས་གསར་པ་ཐོབ་ཡོད།
ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། འདས་ཟིན་པའི་ལོ་ལྔ་ནི་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཏོག་གསར་རིམས་ནད་ཀྱི་རྡབ་རྡེག་ཕོག་པ། རྒྱལ་ནང་གི་དཔལ་འབྱོར་ཆག་པ་སོགས་ཀྱི་ཚོད་བགམ་མང་པོ་ཐེག་ནས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་ལམ་གསར་པ་བཏོད་ཡོད།
ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། ལོ་དེ་དག་ནང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བའི་འབྲས་བུ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད།
ལི་ཁེ་ཆང་གིས་སྙན་སྒྲོན་ནང་བསྟན་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་རེད། འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཙམ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1200ཙམ་གསར་དུ་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5.5%ཙམ་ཟིན་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཙམ་ཟིན་པ། གྲོང་མིའི་ཡོང་འབབ་འཕར་ཚད་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ། ཕྱིར་གཏོང་ནང་འདྲེན་ལ་སྐུལ་འདེད་བརྟན་པོ་དང་སྤུས་ཚད་མཐོར་གཏོང་དང་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ། འབྲུ་རིགས་ཀྱི་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་གཙོ་གནད་དུ་ཚོད་འཛིན། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་བཅོས་བཅས་བྱེད་དགོས།
འདི་ལོའི་སྲིད་གཞུང་གི་ལས་དོན་ལ་བཏོན་པའི་གྲོས་འགོའི་ནང་ལི་ཁེ་ཆང་གིས་གཙོ་གནད་འགའ་ཤས་བཏོན་གནང་བ་སྟེ། གཅིག་ནི་རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ་དང་། གཉིས་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་པ། གསུམ་ནི“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག བཞི་ནི་ཕྱི་རྒྱལ་གྱི་མ་དངུལ་བསྡུ་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ལྔ་ནི་དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ནུས་ལྡན། དྲུག་ནི་འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། བདུན་ནི་འཕེལ་རྒྱས་གཏོང་སྟངས་འབྱུང་འཕྲོད་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ། བརྒྱད་ནི་གཞི་རྩའི་དམངས་འཚོ་འགན་སྲུང་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་དང་། 2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང་2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་གནང་བ་རེད།
ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་བསྟན་དོན། ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་ནི་དུས་རབས་གསར་པར་ཏང་གིས་ཁྲིམས་འཛུགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་སྐྱོང་འགན་ལེན་བརྒྱུད་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས། ཐབས་ཇུས། བཀོད་སྒྲིག་བཅས་ལག་ལེན་མཐར་ཕྱིན་བསྟར་བའི་ལྡོག་མེད་ཀྱི་བླང་བྱ་དང་། དུས་རབས་གསར་པར་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཁྲིམས་སྐྱོང་བརྒྱུད་མི་དམངས་རང་ཁྱིམ་རང་བདག་འགན་སྲུང་བྱེད་པའི་དངོས་ཡོད་ཀྱི་བླང་བྱ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན། དུས་རབས་གསར་པར་སྒྱུར་བཅོས་དང་ཁྲིམས་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་བྱེད་རིང་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་དེ་བས་ལེགས་པར་བྱེད་པའི་དགོས་མཁོ་དངོས་བཅས་རེད། ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཁྱོན་དོན་ཚན་37ཡོད་ཅིང་། གཅིག་ནི་ཁྲིམས་འཛུགས་ཀྱི་མཛུབ་ཁྲིད་བསམ་བློ་དང་རྩ་དོན་འཐུས་སྒོ་ཚང་དུ་བཏང་བ་དང་། གཉིས་ནི་རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་གྱི་འབྲེལ་ཡོད་བླང་བྱ་ཁ་གསལ་དུ་བཏང་བ། གསུམ་ནི་ཁྲིམས་འཛུགས་ཀྱི་ཐབས་ཇུས་དང་སྒྱུར་བཅོས་ཀྱི་ཐབས་ཇུས་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་གཅིག་གྱུར་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། བཞི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་དབང་ཚད་དང་། ཁྲིམས་འཛུགས་གོ་རིམ། ལས་ཀའི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་བ། ལྔ་ནི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དགོས་མཁོ་དང་འཚམ་པའི་འབྲེལ་ཡོད་ནང་དོན་ཁ་གསབ་བྱས་པ། དྲུག་ནི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་དབང་ཚད་དང་གོ་རིམ་འཐུས་སྒོ་ཚང་དུ་བཏང་བ། བདུན་ནི་ཐོ་འགོད་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་བཅས་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་འོས་མིའི་བརྡས་ཐག་གཅོད་ཐབས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་མཚན་ཐོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་མཚན་ཐོ་བཅས་ལ་གྲོས་འཆམ་བྱུང་བ་རེད།