ཆམ་རིམས་ཀ་པའི་ནད་རྟགས་དང་སྔོན་འགོག་བྱ་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-09   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

 ཆམ་རིམས་ཀ་པའི་མིང་ཆ་ཚང་ལ་H1N1ཆམ་རིམས་ཀ་པ་ཟེར་ཞིང་། དེ་ནི་H1N1ཆམ་རིམས་ཀ་པའི་ནད་དུག་ལས་བྱུང་བའི་དོས་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་རེད། 

    ཆམ་རིམས་ཀ་པ་འགོས་རྗེས་དང་ཐོག་མའི་ནད་རྟགས་སྤྱིར་བཏང་གི་ཆམ་རིམས་དང་འདྲ་པོ་ཡོད་དེ། ཚ་བ་རྒྱས་པ་དང་། གློ་ལུ་བ། མིད་པ་ན་བ། ལུས་པོར་ཟུག་རྒྱག་པ། མགོ་ན་བ། གྲང་ཤུར་རྒྱག་པ། དཀའ་ལས་ཁ་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་། འགའ་ཞིག་ལ་ད་དུང་གྲོད་པ་བཤལ་བ་དང་། སྐྱུག་པ་བསྐྱུགས་པ། ཤ་གནད་ན་བ། ཐང་ཆད་པ། མིག་དམར་པོར་གྱུར་བ་སོགས་བྱེད་ཀྱི་ཡོད།

ཆམ་པ་དང་ཆམ་རིམས་ཀྱི་ཁྱད་པར།

    ཆམ་རིམས་ནི་སྤྱིར་བཏང་གི་ཆམ་པ་དང་བསྡུར་ན། འགོས་ཁྱབ་ཆེ་བ་དང་ནད་རྟགས་ཀྱང་མངོན་གསལ་དོད་པ་ཡོད། སྤྱིར་བཏང་གི་ཆམ་པ་བརྒྱབ་ཀྱང་གལ་ཏེ་བསྡོངས་ནད་མེད་ན། གཟའ་འཁོར་གཅིག་ནང་དུ་རང་བཞིན་གྱིས་དྲག་སྐྱེད་ཐུབ་ཅིང་ཚེ་སྲོག་ལ་ཉེན་ཁ་ཤིན་ཏུ་ཆུང་། འོན་ཀྱང་ཆམ་རིམས་ཀྱིས་ཚབས་ལྕི་བའི་བསྡོངས་ནད་མང་པོ་སློང་གི་ཡོད་པ་དཔེར་ན་གློ་ཚད་འཁྲིད་པ་སོགས་བྱེད་ཀྱི་ཡོད།

ཆམ་རིམས་ཀ་པ་ཕོག་ན་ནད་རྟགས་གང་དག་ཡོད།

    གཅིག H1N1ཆམ་རིམས་ཀ་པའི་ནད་རྟགས་མི་མངོན་པའི་དུས་ནི་ཉིན་1ནས་7བར་ཡིན་པ་དང་མང་ཆེ་བ་ཉིན་1ནས་3བར་ཡིན་པ་རེད། 

    གཉིས། ནད་པ་ཁག་གཅིག་གི་ནད་གཞི་ཚབས་ལྕི་རུ་མགྱོགས་པོ་ཕྱིན་ནས། གློ་བུར་དུ་ཚ་བ་ཤུགས་ཆེན་པོ་རྒྱས་པ་དང་གཟུགས་པོའི་དྲོད་ཚད་38℃ལས་བརྒལ་བ་མ་ཟད། ཐ་ན་གློ་ཚད་ཚབས་ཆེན་དང་དོས་དྲག་རང་བཞིན་གྱི་དབུགས་བཀག་གཏོང་བའི་འདུས་ནད་བསླངས་ཏེ། བརྒྱལ་བ་དང་དབང་པོའི་བྱེད་ནུས་ཉམས་པ་སོགས་བྱས་ནས་ཚེ་སྲོག་ལ་ཉེན་ཁ་བཟོ་ཡི་ཡོད། 

    གསུམ། ནད་པའི་སྔར་ཡོད་ཀྱི་རྨང་གཞིའི་ནད་རིགས་ཀྱང་ལྕི་རུ་འགྲོ་ཡི་ཡོད།

རྒྱུན་དུ་ཆམ་རིམས་སྔོན་འགོག་ཇི་ལྟར་བྱེད་དགོས།

    གཅིག རིམས་འགོག་སྨན་ཁབ་རྒྱག་པ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་ཐབས་ཤེས་སྟབས་བདེ་ཤོས་དང་གོ་ཆོད་ཤོས་དེ་རེད། དེར་བརྟེན་ཟླ་བ་6ནས་ལོ་5བར་གྱི་བྱིས་པ་དང་། ཟླ་བ་6མན་གྱི་བྱིས་པའི་ནང་མི་དང་ལྟ་སྐྱོང་བ་སོགས་གཙོ་གནད་མི་ཚོགས་ཀྱིས་ལོ་ལྟར་སྔོན་ལ་ཆམ་རིམས་འགོག་པའི་སྨན་ཁབ་གཟེད་དགོས།    གཉིས། ལག་པ་ཡང་སེ་འཁྲུད་པ་དང་ཁ་རས་བརྒྱབ་ནས་གཙང་སྦྲའི་གོམས་གཤིས་ཡག་པོ་འཇགས་པ་བྱེད་དགོས། རླུང་འགྲོ་ཡག་པོ་ཡོང་བ་དང་། མིག་དང་སྣ་ལ་འཕུར་འཕུར་མི་གཏོང་བ། གློ་ལུ་བའམ་ཧབ་ཆི་རྒྱག་སྐབས་ཤོག་བུའམ་ལག་ངར་གྱིས་ཁ་སྣ་འགེབས་དགོས།    གསུམ། ཆམ་རིམས་ཐོན་མང་བའི་དུས་སུ་མི་ཚོགས་མང་སར་མི་སྐྱོད་པར་ནད་དུག་འགོ་ཚད་དང་འགོ་བའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།