ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ། ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-13   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་སྐབས་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་བདམས་པ།

ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ། ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ།

ཧན་ཀྲེང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ། གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྩ་ཁྲིམས་ལ་དམ་བཅའ་བཞག་པ། ཚོགས་འདུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིར་ཆོག་མཆན་སྤྲད་པ།
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཞི་ཅིན་ཕིང་།
    ཟླ་3ཚེས་10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་རེད། ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་བཞིན་པ།
    ཚེས་10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་རེད།
    འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཡུན་རིང་ཞུས་པ་རེད།
    ད་དུང་ཚོགས་འདུར་ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་། ཧན་ཀྲེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།
    སྔ་དྲོའི་ཆུ་ཚོད་9པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད།
    ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
    ཚོཌ་འདུར་འཐུས་མི་2977ཕེབས་དགོས་ཤིང་། འཐུས་མི་2952ཕེབས་ཡོད་པ་དང་། འཐུས་མི་25ཕེབས་མེད། ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀན་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲེང་དང་། ཝང་མོང་ཧུའེ། ཞུས་ཆིན། ཧྲེན་ཞའོ་མིང་། ཀྲོའུ་ཙུའུ་དབྱི། ཀྲེན་ཅན་སྨིན། ལེང་ཡན་ཧྲུན། ཡུས་ཡུན་ལིན། ལན་ཧྥུའུ་ཨན་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད་པ་རེད།
    ཚོགས་འདུར་དང་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་འབྲེལ་ཇུས་གཞི་དེར་ཆོག་མཆན་ཡང་སྤྲད་པ་རེད། ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་པོ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་གཞག་གཏན་འཁེལ་གྱི་བྱ་ཐབས་ལ་གྲོས་འཆམ་བྱུང་བ་རེད།
    ཆུ་ཚོད་9དང་སྐར་མ་27ལ་འདེམས་བསྐོ་དངོས་སུ་བྱེད་འགོ་ཚུགས་པ་རེད། འདེམས་ཤོག་ལྟ་སྐུལ་བས་དང་ཐོག་ཚོགས་རར་བཀོད་སྒྲིག་བྱས་པའི་གློག་རྡུལ་འདེམས་ཤོག་སྒམ་28དང་གློག་རྡུལ་འདེམས་བསྐོའི་མ་ལག་ལ་ཞིབ་བཤེར་བྱས་པ་རེད།
    དེ་རྗེས་ལས་དོན་པས་འདེམས་ཤོག་བཀྲམ་པ་དང་། ཚོས་གཞི་མི་འདྲ་བའི་འདེམས་ཤོག་ཁག་བཞི་འཐུས་མི་མི་རེ་ངོ་རེའི་ཕྱག་ལ་སྤྲད་པ་དང་། འདེམས་ཤོག་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་བདུན་ནས་པར་བརྒྱབ་ཡོད།
    དེ་རྗེས་འཐུས་མི་ཚོས་འདེམས་ཤོག་རྒྱོང་འགོ་ཚུགས་པ་དང་། ཚོགས་རའི་རྒྱབ་ཁུལ་དུ་འདེམས་ཤོག་རྒྱོང་ས་ཡོད།
    འདེམས་བསྐོ་དང་བསྐོ་གཞག་བྱ་ཐབས་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་སོགས་བདམས་པ་རེད།
    ཆུ་ཚོད་9དང་སྐར་མ་51ལ་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བ་དང་འདེམས་ཤོག་ལྟ་སྐུལ་བས་དང་ཐོག་འདེམས་ཤོག་འཕངས་པ་དང་། དེ་རྗེས་འཐུས་མི་ཚོས་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་འཕེན་མཇུག་འགྲིལ་རྗེས་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བས་འདེམས་ཤོག་བཀྲམ་པ་དང་བསྡུས་པའི་གནས་ཚུལ་སྙན་ཞུ་གནང་བ་དང་། འདེམས་ཤོག་གོ་ཆོད་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
    ལས་དོན་པས་འདེམས་ཤོག་མཇུག་རྩིས་བརྒྱབ་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་རེད།
    འདེམས་ཤོག་འཕངས་པའི་འབྲས་བུ་ལས་མངོན་པར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་འདེམས་བསྐོའི་ཁྲོད། ཞི་ཅིན་ཕིང་ལ་མོས་མཐུན་ཡོད་པའི་འདེམས་ཤོག་2952ཆ་ཚང་ཐོབ་ཡོད། སྐབས་འདིར་ཚང་མ་ཡར་བཞེངས་པ་དང་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
    གཙོ་སྐྱོང་བས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་ཞི་ཅིན་ཕིང་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་འདུད་ཞུས་གནང་བ་དང་། འཐུས་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བཞིན་ཞི་ཅིན་ཕིང་ལ་གུས་ལུགས་མཚོན་པར་གནང་བ་རེད། སྐུ་གམ་དུ་བཞུགས་པའི་ལི་ཀྲན་ཧྲུའུ་དང་ལི་ཆང་རྣམ་གཉིས་ཀྱིས་ཞི་ཅིན་ཕིང་ལ་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
    གཙོ་སྐྱོང་བས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་ཁྱབ་བསྒྲགས་བྱས་རྗེས། ཚོགས་ར་ནས་སླར་ཡང་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། ཞི་ཅིན་ཕིང་སླར་ཡང་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་འདུད་ཞུས་གནང་བ་རེད།
    དེ་རྗེས་གཙོ་སྐྱོང་བས་རིམ་པ་བཞིན་བློ་མཐུན་ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་། བློ་མཐུན་ཧན་ཀྲེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ་ཁྱབ་བསྒྲགས་བྱས་པ་རེད།
    བློ་མཐུན་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེན་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཧོ་ཝེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི་·ཀྲ་ཁེར་བཅས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་པ་རེད།
    བློ་མཐུན་ལིའུ་ཆི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་པ་རེད།
    འདེམས་བསྐོ་བྱས་འབྲས་ཁག་རེ་རེ་བཞིན་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲཌ་པ་རེད།
    ཐལ་མོ་རྡེབ་སྒྲའི་ཁྲོད་གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡར་བཞེངས་ནས་འཐུས་མི་ཚོར་གུས་འདུད་ཞུས་གནང་བ་རེད། དེ་རྗེས་ཁོང་ཞི་ཅིན་ཕིང་གི་སྐུ་གམ་དུ་བཅར་ནས་ཁོང་རྣམ་གཉིས་མཛའ་བརྩེ་ཆེན་པོས་ཕྱག་བཏང་གནང་བ་དང་ཞི་ཅིན་ཕིང་གིས་ཁོང་ལ་རྟེན་འབྲེལ་ཞུས་གནང་བ་རེད། ཀྲའོ་ལེ་ཅི་ཡིས་སླར་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་ཕྱག་བཏང་ནས་ཕན་ཚུན་གུས་འདུད་ཞུས་གནང་བ་རེད།
    ཐལ་མོ་རྡེབ་སྒྲའི་ཁྲོད་གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཡར་བཞེངས་ནས་འཐུས་མི་ཚོར་གུས་འདུད་ཞུས་གནང་བ་རེད། དེ་རྗེས་ཁོང་ཞི་ཅིན་ཕིང་གི་སྐུ་གམ་དུ་བཅར་ནས་ཁོང་རྣམ་གཉིས་མཛའ་བརྩེ་ཆེན་པོས་ཕྱག་བཏང་གནང་བ་དང་ཞི་ཅིན་ཕིང་གིས་ཁོང་ལ་རྟེན་འབྲེལ་ཞུས་གནང་བ་རེད། ཧན་ཀྲེང་གིས་སླར་ཡང་བློ་མཐུན་ཝང་ཆི་ཧྲན་དང་ཕྱག་བཏང་ནས་ཕན་ཚུན་གུས་འདུད་ཞུས་གནང་བ་རེད།
    རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྩ་འཛུགས་བྱ་ཐབས་གཞིར་བཟུང་། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ལེགས་གྲུབ་ཟིན་རྗེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད།
    ཆུ་ཚོད་11དང་སྐར་མ་7ལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རོལ་ཆ་ཚོགས་པའི་རོལ་མོ་བས་ཚོགས་རར་དམ་འཇོག་མཛད་སྒོའི་རོལ་དབྱངས་དཀྲོལ་བ་རེད།
    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་གུས་དམག་12ཀྱིས་བང་གཉིས་བསྒྲིགས་ཏེ་ཚོགས་རའི་རྒྱབ་ཕྱོགས་ནས་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད་དེ་ཀྲོང་ངེར་ལངས། 
    ཚང་མ་ཡར་བཞེངས་པ་དང་། ཀྲུའུ་ཞི་སྡིངས་ཆར་གུས་དམག་གསུམ་གྱིས་གོམ་སྟབས་འགྲིག་པོ་སྤོས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཚོགས་རར་སྲུང་སྐྱེལ་བྱས་པ་དང་འབྲེལ་རྩ་ཁྲིམས་ལ་དམ་བཅའ་འཇོག་སའི་སྟེགས་བུའི་ཐོག་ཏུ་བཞག་པ་རེད།
    དམག་མིའི་རོལ་ཆ་ཚོགས་པའི་རམ་དཀྲོལ་རོལ་མོའི་འོག་ཚོགས་ར་ཡོངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད།
    དེ་རྗེས་ལས་དོན་པས་ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམ་བཅའ་འཇོག་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
    ཀྲུའུ་ཞི་ཚོགས་རར་ཕེབས་པའི་དུང་བརྡ་གྲགས་པ་དང་སྦྲགས་གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆ་ནས་ཡར་བཞེངས་ཏེ་མྱུར་ལ་བརྟན་པའི་གོམ་སྟབས་སྤོས་གནང་ནས་དམ་བཅའ་འཇོག་སའི་སྟེགས་བུའི་མདུན་དུ་བཞེངས།
    ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཀྱི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་ནས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད།
    ཚོགས་རར་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ལྷག་ཙམ་གྱིས་བླ་ན་མེད་པའི་དུས་སྐབས་དེར་བདེན་དཔང་གནང་བ་རེད།
    ཞི་ཅིན་ཕིང་གིས་ཕྱག་གཡོན་མ་རྩ་ཁྲིམས་སྟེང་དུ་བཞག་གནང་བ་དང་། ཕྱག་གཡས་པ་བརྐྱངས་ནས་སྒམ་བརླིང་ལྡན་པའི་དམ་བཅའ་བཞག་གནང་བ་རེད།
    “ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་འཁུར་བ། མེས་རྒྱལ་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བློ་དཀར་སེམས་དཀར། རང་འགན་ནན་སྒྲུབ། སྤྱོད་གཙང་གཞུང་དྲང་བཅས་བྱས་ཏེ་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུས་ནས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་འབད་འཐབ་བྱེད་པའི་དམ་བཅའ་འཇོག་རྒྱུ་ཡིན”
    གསལ་ཞིང་དྲག་པའི་དམ་བཅའ་འཇོག་པའི་གསུང་སྒྲ་མི་དམངས་ཚོགས་ཁང་ཆེ་མོར་གྲགས།
    དམ་བཅའ་བཞག་གྲུབ་རྗེས་ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ལ་གུས་འདུད་ཞུས་གནང་བ་དང་ཚོགས་ར་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཡུན་རིང་ཞུས་པ་རེད།
    དེ་རྗེས་གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་དང་། གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་རྣམ་གཉིས་ཀྱིས་ཁག་སོ་སོར་རྩ་ཁྲིམས་ལ་དམ་བཅའ་བཞག་གནང་བ་དང་། གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེས་མཉམ་དུ་དམ་བཅའ་བཞག་གནང་བ་རེད།