རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-14   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
ཉེ་ཆར། གསར་འགོད་པས་ཀྲུང་གོའི་ཚན་རིག་གླིང་ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིབ་འཇུག་ཁང་དེའི་ཞིབ་འཇུག་མི་སྣ་ཡིས་མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་པའི་སྐབས། མདོ་དབུས་མཐོ་སྒང་གི་བྱང་ཐང་བྱང་རྒྱུད་ས་དུམ(北羌塘地块)གྱི་གཅན་གཟན་མཚོ(兽形湖)ཡི་ཉེ་འཁོར་དུ་དཔེ་མཚོན་རང་བཞིན་གྱི་དེའུ་འབུར་རྣམ་པའི་སྐྱེ་དངོས་ཆུ་འོག་བྲག་རྡོའི་དུམ་བུ(生物点礁)གསར་རྙེད་བྱུང་ཞིང་། ཞིབ་འཇུག་བྱས་པ་བརྒྱུད། ཆུ་འོག་བྲག་རྡོའི་དུམ་བུ་དེ་ནི་འཇིམ་གཞོང་དུས(泥盆世)བར་མའི་ཅི་ཝེ་ཐེ་དུས་སྐབས(吉维特期)ཀྱི་ཡིན་པ་དང་། ད་ལྟའི་བར་དུ་ལོ་དུང་ཕྱུར3.9ཙམ་ཡོད་པ་རེད།
གཅན་གཟན་མཚོའི་ཉེ་འཁོར་གྱི་ཡུལ་ལྗོངས་དང་བར་སྣང་ནས་མཐོང་བའི་འཇིམ་གཞོང་དུས་བར་མའི་སྐབས་ཀྱི་ཆུ་འོག་བྲག་རྡོ།
བྱང་ཐང་བྱང་རྒྱུད་ས་དུམ་ནི་བྱང་ཐང་མཐོ་སྒང་གི་ལྟེ་བ་ན་ཡོད་ཅིང་། ས་དུམ་དེའི་གནའ་བོའི་ས་ཁམས་རིམ་འགྱུར་ནི་ཉེ་བའི་ལོ་ཤས་རིང་ལ་རིག་གཞུང་སྡེ་ཡི་ཞིབ་འཇུག་བྱ་ཡུལ་ཚ་ཤོས་སུ་གྱུར་པར་མ་ཟད། བྱང་ཐང་བྱང་རྒྱུད་དང་དེའི་ཉེ་འཁོར་ས་གཟུགས(地体)ཀྱི་ཕན་ཚུན་གནས་ཡུལ་དང་གྲུབ་ཚུལ་ཚན་པའི་ཁོངས་གཏོགས་སོགས་ཀྱི་ཚན་རིག་གནད་དོན་ནི་དེ་བས་ཀྱང་ལྷག་པ་ཞིག་ཏུ་གྱུར་ཡོད།
དུས་མཚུངས་སུ། བྱང་ཐང་བྱང་རྒྱུད་ས་དུམ་གྱི་གནའ་བོའི་ས་ཁམས་རིམ་འགྱུར་ལ་རྒྱུས་ལོན་བྱུང་ན། རིག་གཞུང་སྡེ་ཡིས་བྱང་ཐང་བྱང་རྒྱུད་གཞོང་སའི་རྡོ་སྣུམ་ས་གཤིས་ཆ་རྐྱེན་ལ་ངོས་འཛིན་གཏིང་ཟབ་བྱས་ཆོག་པས། ནུས་ཁུངས་ཐོན་ཁུངས་འཚོལ་ཞིབ་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ཡོད།
མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་སྐབས། ཀྲུང་གོའི་ཚན་རིག་གླིང་ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ལིའང་ཁུན་དང་ཁྲེན་ཝེ། ལས་རོགས་ཞིབ་འཇུག་པ་ཧྲེང་ཆིང་དབྱི། ཞིབ་འཇུག་པ་ཀྲང་དབྱི་ཁྲུན་བཅས་བྱང་ཐང་མཐོ་སྒང་གི་པང་བཏགས་མཚོའི་རྒྱུད་དུ་ཕྱིན་ཏེ་ས་གཤིས་རིག་པའི་ཕྱོགས་བསྡུས་ཞིབ་འཇུག་བྱས་ཤིང་། ཞིབ་འཇུག་ཚོགས་པས་གཅན་གཟན་མཚོ་ཡི་ཉེ་འཁོར་ནས་དཔེ་མཚོན་རང་བཞིན་གྱི་དེའུ་འབུར་རྣམ་པའི་སྐྱེ་དངོས་ཆུ་འོག་བྲག་རྡོའི་དུམ་བུ་རྙེད་པ་དང་། ཆེས་མངོན་གསལ་ཆེ་བའི་ཆུ་འོག་བྲག་རྡོའི་དུམ་བུ་གསུམ་གྱི་ཐོག་ནས་མ་དཔེ་བསྡུ་ལེན་བྱས་པར་མ་ཟད། སྲབ་ལེབ1085བཟོས་པ་ལ་དབྱེ་ཞིབ་དང་བསྡོམས་རྩིས་ཞིབ་ཕྲ་བྱས་པ་བརྒྱུད། ཞིབ་འཇུག་ཚོགས་པ་ཡིས་ས་ཁུལ་དེའི་སྐྱེ་དངོས་ཆུ་འོག་བྲག་རྡོའི་གྲུབ་ཚུལ་དང་སྣ་མང་རང་བཞིན་གྱི་གྲུབ་ཆ་ཡང་སླར་གསོ་བྱས།
ཆུ་འོག་བྲག་རྡོའི་དུམ་བུ་ཡི་ནང་གི་ཆུ་འོག་བྲག་རྡོ་བཟོ་བའི་གྲུབ་ཆ་དང་ཁྲོང་པན་བྱུ་རུ། ཚེང་ཁུང་མཚོ་སྐྱེས་སྙི་འབུ།
ཞིབ་འཇུག་ལས་གསལ་བ་ལྟར་ན། ཆུ་འོག་བྲག་རྡོའི་དུམ་བུ་ནི་བྱུ་རུ་དང་འབུ་ཚེང་ཁུང(层孔虫)ལས་གྲུབ་པར་མ་ཟད། ཕན་ཚུན་མཉམ་འདུས་ངང་ལེབ་དབྱིབས་དང་ཧྲོག་དབྱིབས་ཀྱི་སྐྱེ་དངོས་ཆུ་འོག་བྲག་རྡོའི་གྲུབ་ཚུལ་བརྟན་པོ་ཞིག་ཀྱང་ཆགས་ཡོད། དུས་མཚུངས་སུ། ཆུ་འོག་བྲག་རྡོ་བཟོ་བའི་སྐྱེ་དངོས་ཀྱི་བར་དུ་ད་དུང་རྙོག་འཛིང་ཆེ་བའི་སྐྱེ་ཁམས་འབྲེལ་བ་ཞིག་ཡོད་ཅིང་། བྱུ་རུ་དང་འབུ་ཚེང་ཁུང་གི་འཚར་ལོངས་ཁྱད་གཤིས་ཀྱང་བར་འོད་རྒྱུད(中光带)ཀྱི་བྱུ་རུའི་བྲག་རྡོའི་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་ལ་མཐུན་པ་རེད།
ཆེད་མཁས་པས་མཚམས་སྦྱོར་བྱས་ན། ཐེངས་འདིའི་ཞིབ་འཇུག་ལས་ཆུ་འོག་བྲག་རྡོའི་དུམ་བུ་ཡི་ཆུ་འོག་བྲག་རྡོ་བཟོ་བའི་གཙོ་ཤུགས་འདུས་རྡུལ་ཏེ་ཀ་རིལ་ཚེང་ཁུང་མཚོ་སྐྱེས་སྙི་འབུ(秃柱层孔海绵)ཡི་འགྱུར་རྡོའི་རིགས་གཉིས་ནི་ཀྲུང་གོའི་ལྷོ་རྒྱུད་ས་ཁུལ་དང་ཆབ་མདོ་ས་ཁུལ་དུའང་རྒྱུན་པར་མཐོང་བ་ཤེས་རྟོགས་བྱུང་བ་དང་། དེ་ལ་ཕྲེང་སྒྲིག་དམ་ཟབ་ཀྱི་ཕྲ་རིམ(细层)དང་ཀ་བ(支柱)ཡོད་པར་མ་ཟད། ས་ཁུལ་འདི་གསུམ་པོ་ཁོ་ནར་ཁྱབ་ཡོད་པ་རེད། དེར་བརྟེན། ཞིབ་འཇུག་གིས་པང་བཏགས་མཚོ་དང་ཀྲུང་གོའི་ལྷོ་རྒྱུད་ས་ཁུལ། ཆབ་མདོ་བཅས་ཀྱི་བར་དུ་དམ་ཟབ་ཅུང་ཆེ་བའི་སྐྱེ་དངོས་གནའ་བོའི་ས་ཁམས་ཀྱི་གཉེན་ཉེའི་འབྲེལ་བ་ཡོད་པ་མཚོན་པའི་དཔང་དངོས་གལ་ཆེན་མཁོ་འདོན་བྱས་ཡོད།
གཞན་ད་དུང་། ཁྲོང་པན་བྱུ་རུ(床板珊瑚)དང་འབུ་ཚེང་ཁུང་གི་མཉམ་སྡེབ་ཁྱད་ཆོས་ལ་གཞིགས་ན། ཆུ་འོག་བྲག་རྡོའི་དུམ་བུ་འདི་ནི་འཇིམ་གཞོང་དུས་བར་མའི་ཅི་ཝེ་ཐེ་དུས་སྐབས་ཀྱི་ཡིན་པ་གཏན་འཁེལ་བྱས་པའི་དབང་གིས། པང་བཏགས་མཚོའི་རྒྱུད་ཀྱི་འཇིམ་གཞོང་དུས་སྐབས་ཀྱི་ས་རིམ་ནི་ཉུང་མཐའ་ཡང་འཇིམ་གཞོང་དུས་བར་མ་ལ་ཁུངས་འདེད་བྱས་ཆོག་པ་དང་། འདི་ཡིས་གནའ་བོའི་སྐྱེ་དངོས་རིག་པ་བས་ས་ཁུལ་འདིའི་འཇིམ་གཞོང་དུས་སྐབས་ཀྱི་ས་རིམ་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་ངོས་འཛིན་བྱེད་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།