《གངས་ལྗོངས་བྱིས་པའི་འཚོ་བ》ཁག་དང་པོ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-15   རྩོམ་ཁུངས།    གངས་རྒྱན་ན་ཆུང་ཚགས་པར་རྩོམ་སྒྲིག་ཁང་།

        《  གངས་ལྗོངས་བྱིས་པའི་འཚོ་བ》  ཞེས་པའི་དེབ་ཕྲེང་འདིའི་ཁག་དང་པོ་ནི་རྒྱ་ཡིག་གི་ལམ་ནས་རྩོམ་རིག་གསར་རྩོམ་གནང་བཞིན་པའི་བོད་རིགས་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུས་བརྩམས་ཤིང་། 2016ལོར་ཨན་ཧའེ་ན་ཆུང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་བཞིའི་བདག་ཉིད་ཅན་གྱི་བྱིས་སྒྲུང་དཔེ་ཚོགས་དེ་ཡིན། སྤྱིར་རྩོམ་མཁན་ཁོ་རང་ནི་བོད་རིགས་ཡིན་པ་ལས་གཞན་རྒྱ་བོད་ཡིག་རིགས་གཉིས་ཀར་ནང་བྱན་ཆུད་ཅིང་། ཆུང་དུས་ནས་བོད་ཡུལ་དུ་ནར་སོན་ཞིང་འཚོ་བ་རོལ་པས་བརྗོད་པ་གང་རང་ཉིད་ལ་ཆེས་འདྲིས་ཆ་ལྡན་པའི་ཁོར་ཡུག་དང་དོན་དག་ཅི་རིགས་ཡིན་སྟབས། དེབ་བཞི་པོའི་བརྗོད་བྱ་ཡང་བོད་པ་ཞིག་ཡིན་ཕྱིན་ཤིན་ཏུ་སྙིང་ཉེ་བོར་སྣང་ཞིང་། བོད་ཀྱི་ཀློག་མཁན་སུ་ལ་མཚོན་ནའང་རང་གི་མཐོང་སྣང་དང་རྣ་ཐོས་སུ་གྱུར་པ་རྐྱང་རྐྱང་དུ་མངོན་པས་བར་བགེགས་ཅི་ཡང་མེད་པར་ལས་སླ་བོར་སྒྲུང་གཏམ་གང་དེའི་ཁམས་སུ་འཇུག་སླ་ངེས། དེའི་ཁར་དེ་དག་ལས་ཕྱུང་བའི་བོད་པས་ཁོར་ཡུག་ལ་བཟུང་བའི་ལྟ་སྟངས་དང་བྱ་བྱེད་ཅི་རིགས་དེང་གི་དུས་འདིར་རྒྱལ་ཁབ་ཀྱིས་བཏོན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བླང་བྱ་དང་མ་གྲོས་གཅིག་མཐུན་དུ་མངོན་པས། རྒྱལ་ཁབ་ཀྱི་དཔེ་སྐྲུན་རྣམ་གྲངས་སུ་ཡར་ཞུ་བྱས་པར་དེའི་དོན་ལྷུག་སྩོལ་གནང་བས་དཔེ་སྐྲུན་འགྲེམ་སྤེལ་གྱི་རྟེན་འབྲེལ་ཐོག་མ་གྲུབ།

        བརྩམས་ཆོས་འདི་དག་ཏུ་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་འགྲོ་འདུག་སྤྱོད་ལམ་ལ་སོགས་རིག་གནས་ཀྱི་རང་མདངས་གསལ་ཞིང་། བརྗོད་བྱ་བྱིས་པའི་བློ་ཁ་དང་འཚམ་ཞིང་རང་བབ་ཀྱི་འཚོ་བར་སྒྱུ་རྩལ་གྱི་ལམ་ནས་ཡང་བསྐྱར་མྱོང་རོལ་བྱེད་པའི་སྐལ་བ་བསྩལ་པ་བཞིན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཕ་མ་གཉེན་ཉེ་དང་གྲོགས་པོ། དེ་མིན་གཞན་སྐྱེ་འགྲོ་ཀུན་དང་ཇི་ལྟར་བརྩེ་བྱམས་ཁྲོད་མཉམ་གནས་ཀུན་མཐུན་དུ་རང་སེམས་སྐྱེད་པར་རྟེན་འབྲེལ་གྱི་ཡན་ལག་ཚང་ཞིང་། རིག་གནས་གོམས་གཤིས་ལས་མངོན་པའི་སྐྱེ་འཆིའི་ལྟ་བ་དང་། ངེས་གཏན་གྱི་རང་བྱུང་དང་རིག་གནས་ཁོར་ཡུག་ཅིག་ལས་གྲུབ་པའི་སྤྱོད་ལམ། གཞན་གྱིས་ལྷ་སྒྲུང་དུ་བསམས་ཀྱང་ང་ཚོས་རྒྱུན་ལྡན་གྱི་འཚོ་བར་མཐོང་བའི་དངོས་ཡོད་ཀྱི་གནས་བབ། བྱེས་སྡོད་གྲོང་ཁྱེར་པའི་གྲོགས་པོ་ཆུང་ཆུང་རྣམས་ཕ་ས་ཕ་ཡུལ་དང་རྒྱང་བཀྱེད་པ་ལས་ཀུན་སྤྱོད་ཐད་བྱུང་དང་འབྱུང་བཞིན་པའི་གནད་དོན་སྣ་ཚོགས་དང་། དེ་དག་ཐག་གཅོད་པའི་བྱེད་ཐབས་སོགས་ང་ཚོར་རྒྱུས་ཡོད་ཀྱི་ཁོར་ཡུག་དེ་ལས་སྒྱུ་རྩལ་གྱི་ཁམས་སུ་བསྟབས་པས་ཀློག་མཁན་ཆུང་ཆུང་རྣམས་འཇུག་བདེ་བ་དང་དཔེ་ཀློག་ལ་གོམས་བྱེད་ཀྱི་རྒྱུ་རུ་འགྱུར་བར་དམིགས་ཏེ་ལས་འདི་འབད་པས་བསྒྲུབས་པའོ།

        《  གངས་ལྗོངས་བྱིས་པའི་འཚོ་བ》  ཞེས་པའི་དེབ་བཞི་པོའི་སྒྲིག་གཞིའི་བློས་བསླངས་དང་གཏམ་རྒྱུད་ཀྱི་བཀོད་སྒྲིག བྱུང་རིམ་སྤྲོས་བརྗོད། མི་སྣའི་བཞེང་སྐྲུན། བསྟན་དོན་ལ་སོགས་མཚོན་ཐབས་ཀྱི་ཕྱོགས་ནས་ཕ་སྐད་ཀྱི་ལམ་ནས་འདིའི་ལུགས་ཀྱི་བྱིས་སྒྲུང་གསར་རྩོམ་ལ་འཇུག་བཞིན་པ་དང་མོས་པ་ཡོད་པའི་ལས་དང་པོ་བ་རྣམས་ལ་དཔེ་སྟོན་གྱི་བྱེད་ནུས་དང་ལྡན་པར་མཐོང་བས་ལས་འདི་སྤེལ་པ་ལགས།

        གཞན་ད་དུང་དེབ་ཕྲེང་འདིའི་ཁག་དང་པོ་བྱིས་སྒྲུང་འདི་དག་བོད་འགྱུར་དུ་སྤེལ་མཁན་དབུ་ལེ་དབང་རྒྱལ་ཚེ་རིང་ལགས་ཀྱིས་མ་བསྐུལ་དང་བླངས་སྒོས་མཐུན་རྐྱེན་སྦྱར་པ་ལས་བྱུང་བའི་བློ་སྐྱེད་དུ་འདི་ལྟ་བུའི་མུ་འབྲེལ་དེབ་ཕྲེང་ཞིག་འོས་བསྟུན་དུ་འཆར་འགོད་བྱེད་པའི་རིག་པ་རྙེད་པ་དང་འབྲེལ། འདིའི་ཕྱིས་ཀྱི་དེབ་ཕྲེང་རྣམས་ཕ་སྐད་ཀྱི་ལམ་ནས་གསར་རྩོམ་གྱི་དེབ་གཟུགས་སུ་འགོད་པ་ལ་འདུན་པ་ཆེན་པོས་རྒྱུད་བསྐུལ་སྟབས། ཐོག་མར་འདི་ཙམ་ཞིག་རྟེན་འབྲེལ་གྱི་ཡན་ལག་དང་པོའི་ཚུལ་དུ་རྩོམ་མཁན་དང་ཀློག་མཁན་ཀུན་གྱི་སྤྱན་སྔར་བསྟར་པ་ལགས་ན། མོས་པ་ཡོད་མཁན་ཐུན་མོང་ནས་རིག་གནས་འཛུགས་སྐྲུན་གྱི་དམིགས་ཚད་དུ་རྡོག་རྩ་གཅིག་སྒྲིལ་སྒོས་བོད་ཀྱི་དེང་རབས་བྱིས་སྒྲུང་གི་སྒོ་གླེགས་མི་འགྱང་བར་ཡངས་པོར་འབྱེད་པའི་རྐྱེན་དུ་འགྱུར་བར་སྨོན། །