རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-15   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
ཉེ་ཆར། སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས《བོད་ཀྱི་གསོ་རིག་ལས་རིམས་ནད་ཀྱི་བརྟག་བཅོས་ཀུན་བཏུས》པོད་བཅུའི་བདག་ཉིད་ཅན་དཔེ་སྐྲུན་འགྲེམ་སྤེལ་བྱས།
དཔེ་ཚོགས་འདི་རུ་བོད་ཀྱི་གསོ་རིག་ལོ་རྒྱུས་སུ་རིམས་ནད་དང་འབྲེལ་བའི་སྨན་དཔྱད་ཀྱི་གཞུང་ཀུན་པོ་གཅིག་ཏུ་འདུས་ཡོད་པར་མ་ཟད། བོད་ཀྱི་རིམས་ནད་ཀྱི་ཕྲ་ཞིབ་རིགས་པའི་གཞུང་ལུགས་ཀྱི་ཡིག་ཚང་རྒྱས་པ་དེ་ཆགས་ཡོད། དཔེ་ཚོགས་འདིའི་གཙོ་སྒྲིག་པའི་དཔུང་སྡེ་ནི་རིམས་ནད་ཀྱི་གཞུང་ལ་ནང་བྱན་ཆུབ་པའི་གསོ་རིག་མཁས་པ་དང་དཔེ་སྒྲིག་ཉམས་མྱོང་ཅན་སྐོར་ཞིག་ཡིན་ལ།མ་ཕྱི་ཁུངས་བཙན་ཞིང་རྩོམ་ཞུས་སྤུས་དག་པ། གསོ་རིག་གཞུང་དང་བསྟུན་པའི་ཚན་རིག་གི་དཔེ་སྒྲིག་བྱེད་སྟངས་སྤྱད་པ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། རིམས་ནད་རིག་གཞུང་ཞིབ་འཇུག་དང་། སློབ་གསོ་སློབ་ཁྲིད། ཚན་རྩལ་ཁྱབ་གདལ། འཚོལ་བཤེར་སོགས་ལ་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་མཁོ་འདོན་བྱས་ཡོད་དོ།
དཔེ་ཚོགས་འདི་སྒྲིག་དུས། ང་ཚོས་བོད་ཀྱི་གསོ་རིག་ཀུན་བཏུས་དང་གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་སོགས་ལས། རིམས་དང་འབྲེལ་བའི་གཞུང་དང་། ཉམས་ཡིག ཤོག་དྲིལ། གཏེར་མ་སོགས་དཔེ་སྣ་མི་འདྲ་བ200ལྷག་ཁོལ་དུ་ཕྱུང་ཞིང་། གཞུང་དེ་དག་གི་མཛད་པ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལྟར་སྔ་ཕྱིར་གུང་བསྒྲིགས་པ་དང་། གང་དུ་བསྟན་པའི་རིམས་ནད་ཀྱི་བརྗོད་དོན་རྣམས་རིམས་ནད་ཀྱི་ངོ་བོ་ངེས་ཚིག་སོགས་ཀྱི་སྐོར་དང་། རིམས་ནད་ཀྱི་རྒྱུ་དང་རྐྱེན་གྱི་སྐོར། རིམས་ནད་ཀྱི་དབྱེ་བསྡུ་དང་རྟགས་ཀྱི་སྐོར། རིམས་ནད་ཀྱི་གསོ་ཐབས་སྐོར། རིམས་ནད་ཀྱི་སྲུང་ཐབས་སྐོར། རིམས་ནད་ཀྱི་སྨན་སྦྱོར་སྐོར་བཅས་རྩ་བའི་སྡེ་ཚན་དྲུག་ཏུ་ཞིབ་མོར་ཕྱེ་ཡོད་པ་དང་། རིམས་ནད་ཀྱི་སྨན་སྦྱོར་སྐོར་ལྟ་བུར་མཚོན་ནའང་། གཉན་རིམས་གསོ་བའི་སྨན་སྦྱོར་ཐུན་མོང་མ་ཡིན་པ་གསལ་བར་བཀོད་པའི་གཞུང75རུ་བསྟན་པའི་སྨན་སྦྱོར2724ཡོད་པ་སོ་སོར་སྨན་སྦྱོར་གྱི་མིང་དང་། སྦྱོར་སྡེ། ཕན་ཡོན། གང་དུ་གཏང་བྱའི་ནད་གཙོ་བོ། སྦྱོར་ཁུངས། གཞུང་གི་མཛད་པ་པོ་བཅས་དོན་རྣམ་པ་ལྔའི་སྒོ་ནས་ཁྲིགས་སུ་བསྡེབས་ཡོད་དོ། །
དཔེ་ཚོགས་འདིའི་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་གོ་རིམ་ཁྲོད་དུ། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་ཐུགས་ཁུར་ཆེན་པོ་གནང་བ་དང་། སྒོས་སུ་མགོ་ལོག་ཁུལ་བོད་སྨན་རྩིས་ཁང་གིས་མགོ་མཇུག་བར་གསུམ་དུ་རོགས་རམ་དང་རྒྱབ་སྐྱོར་བླ་ལྷག་ཐོབ་ཅིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚ་བ་གཉན་རིམས་ཆེད་ལས་ཚོགས་པ་དང་ཁམས་གཙང་འབྲུག་རྒྱལ་ལུགས་ཀྱི་གསོ་རིག་རྒྱུད་འཛིན་ལས་སྒྲུབ་ཁང་སོགས་ཀྱིས་རིག་གཞུང་མཛུབ་སྟོན་གལ་ཆེན་གནང་བའོ།
《བོད་ཀྱི་གསོ་རིག་ལས་རིམས་ནད་ཀྱི་བརྟག་བཅོས་ཀུན་བཏུས》དཔེ་སྐྲུན་འགྲེམ་སྤེལ་གནང་བས། བོད་ཀྱི་གསོ་རིག་རྒྱུད་འཛིན་པ་རྣམས་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད་པར་མ་ཟད། འཚོ་བྱེད་གཞོན་ནུ་རྣམས་ཀྱི་མཁོ་ཆེའི་ཡོ་བྱད་དཔེ་ཆ་ཞིག་ཏུ་འགྱུར་བར་གདོན་མི་ཟའོ། །