རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-16   རྩོམ་ཁུངས།    ཁམས་པའི་དྲ་བ།
ཅི་ཞིག་ལ་སེམས་ཁམས་བདེ་ཐང་ཟེར་བ་རེད་ཟེར་ན།
ལན། སེམས་ཁམས་བདེ་ཐང་ཟེར་བ་ནི་སེམས་ཁམས་ཀྱི་ཕྱོགས་སོ་སོ་དང་དེ་བཞིན་བསམ་པའི་འཆར་སྣང་གི་བརྒྱུད་རིམ་ནང་དུ་གནས་སྟངས་ཡག་པོ་ཞིག་གམ་རྒྱུན་ལྡན་ཞིག་ཆགས་པར་ཟེར་ཞིང་། སེམས་ཁམས་བདེ་ཐང་གི་གནས་སྟངས་ཆེས་ཡག་ཤོས་ནི་གཤིས་རྒྱུད་བཟང་ཞིང་རིག་པར་སྐྱོན་མེད་ཅིང་། འདུ་ཤེས་ཡང་དག་པ་འཛིན་ཐུབ་པ་དང་། བརྩེ་སེམས་དང་འདོད་བློ་གང་འཚམ་མཚོན་ཐུབ་པ། རྣམ་འགྱུར་ཧུར་པོ་ཡིན་ལ་བྱ་སྤྱོད་ལུགས་དང་མཐུན་པ། འཚོ་བའི་ཁོར་ཡུག་དང་འཕྲོད་ཐུབ་པ་བཅས་ཀྱི་གནས་སྟངས་དེ་རེད།
སེམས་ཁམས་ཀྱི་གནོན་ཤུགས་ཅི་འདྲ་བྱས་ནས་ཇེ་ཡང་དུ་གཏང་དགོས་རེད་ཟེར་ན།
ལན། གཤམ་གྱི་ཐབས་ཤེས་འདི་དག་གིས་སེམས་ཁམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏང་བར་ཕན་འབྲས་ཆེ་བས་ཚོད་ལྟ་ཞིག་བྱ་ན་ཆོག་རྒྱུ་རེད།
༡. གྲོགས་པོ་དང་ལས་རོགས་སྣང་བ་སྐྱིད་པོ་ཞིག་ལ་རང་གི་སྐྱིད་སྡུག་བཤད་དགོས།
༢. ཤིང་འབྲས་ཝུའུ་མེའི་སྐྱུར་ཁུའམ་སིལ་ཏོག་སྐྱུར་ཁུ་བཏུང་ནས་མཆིན་རླུང་ཞི་རུ་བཅུག་དགོས།
༣. མིག་བཙུམས་ནས་ལུས་རྒྱབ་ཀྱི་ལྗོངས་དངོས་དག་བསྒོམས་ཏེ་ཀླད་པའི་མདུན་རྒྱབ་ཀྱི་གནོན་ཤུགས་སྙོམས་པོར་གཏང་དགོས།
༤. རང་གི་ཆེས་གུས་བཀུར་ཆེ་བའི་མིའི་ལེགས་བཤད་བཀླགས་ཏེ་མནོ་བསམ་ཞིབ་མོ་བཏང་ན་ངང་ཚུལ་བརྟན་པོར་གནས་ཐུབ།
༥. རང་གིས་རང་ལ་བསྟོད་བསྔགས་དང་སྐུལ་མ་ཡང་ཡང་བྱ་དགོས་པ་ལས། རྐྱེན་ངན་དང་འཕྲད་ཚེ་རང་ལ་འགྱོད་མུག་བྱ་རྒྱུ་མེད།
༦. མཚན་མོའི་ཆུ་ཚོད་བཅུ་པའི་སྔོན་དུ་ཉལ་བ་དང་ཞོགས་པ་ཆུ་ཚོད་དྲུག་པར་ཡར་ལང་ཐུབ་པར་བྱ་དགོས།
༧. སྤྲོ་སློང་གློག་བརྙན་མང་ཙམ་བལྟས་ནས་ཧབ་དགོད་བྱ་དགོས།
༨. རང་གིས་འགུལ་སྙིང་བྲོ་བའི་ལས་ཀ་འགུལ་ན་སེམས་སྐྱིད་པོ་དང་བློ་བདེ་པོ་ཡིན།
༩. དཔེར་ན་ཟས་བཟོ་བ་དང་རང་གིས་དགའ་བའི་ལས་འགུལ་བ། རྒྱུན་དུ་དཔེ་མཛོད་ཁང་དུ་ཕྱིན་ནས་བརྩོན་བསྐུལ་རིགས་ཀྱི་དཔེ་ཆ་དང་བཏགས་རིས་ཕྱོགས་བསྒྲིགས། ཁ་མཚར་དགོད་གཏམ་སོགས་ལ་བལྟ་དགོས།
སེམས་ཁམས་བདེ་ཐང་གི་ཚད་གཞི་ཆེན་པོ་ལྔ་གང་རེད་ཟེར་ན།
ལན། ༡. མི་ཚེའི་ལྟ་ལུགས་ཡང་དག་པ་ཡིན་པ།
༢. བསམ་པ་བདེ་བ།
༣. མིའི་བར་གྱི་འབྲེལ་འདྲིས་བཟང་བ།
༤. རང་གཤིས་བཟང་བ།
༥. དགའ་སྡུག་རན་པོར་བསྟན་པ།
སེམས་ཁམས་ཀྱི་གནད་དོན་ལ་འཕྲད་ཚེ་མ་བསྐུལ་དང་ལེན་གྱིས་རོགས་རམ་འཚོལ་དགོས།
གལ་སྲིད་སེམས་ཁམས་བྱ་སྤྱོད་ཀྱི་གནད་དོན་དང་བསམ་པའི་ནད་མངོན་གསལ་ཡོད་པར་དོགས་པ་ཡོད་ཚེ། སྔ་ཚེ་ནས་བསམ་པའི་ཆེད་ཚན་སྨན་ཁང་དང་ཡང་ན་ཕྱོགས་འདུས་སྨན་ཁང་གི་སེམས་ཁམས་ཚན་ཁག་དང་བསམ་པའི་ཚན་ཁག་ཏུ་འདྲི་རྩད་དང་ཞིབ་བཤེར། བརྟག་བཅོས་བཅས་བྱ་དགོས།
བསམ་པའི་ནད་ནི་སྔོན་འགོག་དང་བརྟག་བཅོས་བྱ་ཐུབ་ཀྱི་རེད།
བསམ་པར་ནད་ཕོག་ཡོད་པ་གཏན་འཁེལ་བྱས་པའི་ནད་པས་དུས་ཐོག་ལ་སྨན་བཅོས་ཚད་ལྡན་དང་ལེན་བྱ་དགོས་ཤིང་། སྨན་པའི་ངག་ལྟར་བརྒྱུད་རིམ་ཧྲིལ་པོ་དང་རྒྱུན་མི་ཆད་པ། དུས་ཐོག་དང་སྨན་ཚད་ལྟར་སྨན་འཐུང་བ་དང། སྨན་པ་ལ་བརྟག་བཅོས་ཀྱི་གནས་ཚུལ་གང་ལེགས་ཞུ་ཞིང་། མ་བསྐུལ་དང་ལེན་གྱིས་བརྟག་བཅོས་འཆར་གཞི་ལག་ལེན་བསྟར་དགོས།
སྨན་བཅོས་ཚད་དང་ལྡན་པ་བྱས་རྗེས། ནད་པ་མང་ཆེ་བའི་ནད་ཚུལ་ཚོད་འཛིན་བྱེད་ཐུབ་པ་དང་། རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏང་ཐུབ་པ་རེད།
སྣང་བ་སྐྱིད་པའི་ཐབས་མཆོག།
༡. རང་སེམས་འདུལ་ཐབས་ཏེ། ཨQཡི་སྙིང་སྟོབས་ཏེ་ཞི་འཇམ་དང་ཁོག་ཡངས། སྣང་དག་མེད་པ་བཅས་ཀྱི་སེམས་ཁམས་གནས་སྟངས་ཤིག་ཆགས་སུ་བཅུག་ནས་རང་སེམས་ལེགས་ལམ་དུ་དྲང་དགོས།
༢. ཇི་མི་སྙམ་པའི་ཐབས་ཏེ། རྩ་དོན་དང་མི་འགལ་བའི་གནད་དོན་ཁ་ཤས་ལ་ཇི་མི་སྙམ་པ་ལྟར་བཞག་ན་སེམས་ཁམས་ཀྱི་བསྲན་ཤུགས་ཆེ་རུ་གཏང་ནུས།
༣. གང་བསླེབས་དེར་བདེའི་ཐབས་ཏེ། ཁོར་ཡུག་སྣ་ཚོགས་ལ་འཕྲོད་པའི་ནུས་པ་བསྐྱང་དགོས། ས་ཆ་གང་བསླེབས་ཕ་ཡུལ་དུ་བསྒོམས་ན་སེམས་ཁམས་ཡངས་ཤིང་བདེ་འགྲོ་བ་རེད།
༤. ཁ་མཚར་དགོད་སློང་གི་ཐབས་ཏེ། རྐྱེན་ངན་དང་དོགས་མི་བདེ་བའི་གནས་ཚུལ་དང་འཕྲོད་ཚེ། ཁ་མཚར་དགོད་སློང་གི་ཐབས་ཀྱིས་དཀའ་ཁག་བསལ་ནས་སེམས་ཁམས་སྙོམས་པོར་གནས་ཐུབ་དགོས།
༥. སེམས་སྡུག་ལྷུག་བཤད་ཀྱི་ཐབས་ཏེ། སེམས་སྡུག་ལྷུག་པོར་བཤད་པ་ནི་མིའི་སེམས་ཁམས་དང་ལུས་ཁམས་ལ་ཆ་མཚོན་ན་དགོས་ངེས་པ་ཡིན་ཞིང་། ཁྱོད་རང་སེམས་སྡུག་ཡིད་མུག་པའི་སྐབས་སུ་ཁྱོད་རང་གི་དགའ་བའི་བྱ་བ་དག་འགུལ་བ་དང་། ཡང་ན་ཐང་ཆེན་དུ་ཀི་སྒྲ་རྒྱག་ཀྱང་ཆོག་གི་རེད།
༦. རོལ་དབྱངས་ཉན་པའི་ཐབས་ཏེ། ཁྱོད་རང་ལ་སེམས་ཁྲལ་དང་མི་སྐྱིད་པ། སེམས་འཚུབ་པ་སོགས་ཀྱི་སེམས་བྱུང་ངན་པ་བྱུང་ཚེ། རོལ་དབྱངས་སྙན་མོ་ཞིག་ལ་ཉན་ནས་རང་སེམས་བག་ལྷོད་དུ་གཏང་ཆོག།
བྲོས་འགྲོ་ན་ཐར་ཐུབ་པའི་ངེས་པ་མེད་ལ། གདོང་གཏད་ན་སྡུག་མི་ཐེག་པའི་ངེས་པ་མེད། གཅིག་པུར་གནས་ཚེ་དགའ་བ་མེད་པ་མིན་ལ། ཐོབ་པ་དེ་ཡུན་རིང་གནས་ཐུབ་པའི་ངེས་པ་མེད། ཤོར་བ་དེ་ཡང་བསྐྱར་མི་ཐོབ་པའི་ངེས་པ་མེད་ལ། ཁ་ཕྱིར་འཁོར་བ་དེ་ཉམ་ཆུང་ཡིན་པའི་ངེས་པའམ་མེད། ནམ་ཡང་ཨ་ཟད་འུ་ཐུག་སོང་ཞེས་སྔོན་ལ་མ་ཤོད་དང་། འཇིག་རྟེན་འདིར་བདེན་རྫུན་གཅིག་པུ་ལས་མེད་པ་མིན་ལ། བྱ་བ་ཐམས་ཅད་ལ་མཇུག་འབྲས་གཅིག་ལས་མེད་པ་ཡང་མིན། དེར་བརྟེན་ང་ཚོ་ལ་ནམ་ཡང་འགྲོ་ལམ་ཡོད་ངེས་སོ།།