གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-24   རྩོམ་ཁུངས།    中国藏族网通

མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་དང་མགོ་ལོག་ཁུལ་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

        ཟླ3པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་དང་མགོ་ལོག་ཁུལ་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། མགོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བསོད་ནམས་ཚེ་བརྟན་དང་། ཁུལ་རྒྱུན་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་མའེ་ཞན་ཧོང་། ཁུལ་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གཞུང་ལས་ཁང་གི་ཀྲུའུ་རིན་དབང་ཆེན་ལྷ་མོ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་འགྱུར་མེད་རྡོ་རྗེ་དང་། ཀྲུའུ་རེན་གཞོན་པ་སྙིང་བོ་ཚེ་རིང་། ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་མི་སྣ་བཅས་ཚོགས་འདུར་ཞུགས།

        ཁུལ་དཔོན་གཞོན་པ་བསོད་ནམས་ཚེ་བརྟན་གྱིས་ཁུལ་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པ་ནས་ད་ལྟའི་བར་གྱི་བྱ་བའི་འཕེལ་རྒྱས་དང་གནས་བབ། དེའི་ཁྲོད་དུ་གནས་པའི་གནད་དོན། མ་འོངས་པའི་འཆར་གཞི་སོགས་ངོ་སྤྲོད་བགྱིས་པར་མ་ཟད། མགོ་ལོག་ཁུལ་གྱིས་རང་བྱུང་དང་སྤྱི་ཚོགས་ཆ་རྐྱེན་ལ་གཞི་བཅོལ་ནས་རྣམ་པ་གསོན་པོའི་གཟུགས་འདས་རིག་གནས་ཤུལ་བཞག་དང་ཚན་རིག་གི་སྲུང་སྐྱོབ་བྱ་ཐབས་ཟུང་འབྲེལ་སྒོས་མགོ་ལོག་གི་གེ་སར་རིག་གནས་སྤྱི་ཡོངས་ནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས། དེ་ཡང་མྱུར་སྐྱོབ་རང་བཞིན་དང་ཆ་ཚང་རང་བཞིན། གཞི་གྲངས་ཅན་དང་སྲུང་སྐྱོབ་ཁྲིམས་ལུགས་བཙུགས་ཏེ་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱ་དགོས་ཚུལ་བསྟན།

        ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་འགྱུར་མེད་རྡོ་རྗེས་བཞུགས་མོལ་ཚོགས་འདུའི་སྟེང་། མགོ་ལོག་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དར་ཁྱབ་ཆེས་ཆེ་ཞིང་། གེ་སར་རིག་གནས་ཀྱི་རྨང་མཐུག་པའི་ས་ཁུལ་ཞིག་ཡིན། མགོ་ལོག་ཏུ་གེ་སར་སྒྲུང་པའི་རིགས་དང་སྒྲུང་དཔེའི་པར་གཞི། གེ་སར་ངག་རྒྱུན་ཤུལ་རྟེན་ཆེས་མང་བ་དང་། གེ་སར་སྒྲུང་གི་སྲུང་སྐྱོབ་མཁན་དང་ཞིབ་འཇུག་མི་སྣ། དམངས་ཁྲོད་ཀྱི་ཚོགས་པ་ཤིན་ཏུ་མང་བ་འདིས། ཡུལ་དེའི་མི་རྣམས་ནི་གེ་སར་སྒྲུང་གི་རིག་གནས་ལ་ཤིན་ཏུ་དགའ་ཞིང་གེ་སར་རིག་གནས་ཀྱི་རྔམ་མཐུག་པ་མཚོན་པས། ང་ཚོས་གཅིག་ནས་ཁུལ་ཡོངས་ཀྱི་གེ་སར་སྒྲུང་པའི་རིགས་དང་སྒྲུང་དཔེའི་པར་གཞི་ལ་རྟོག་དཔྱོད་བྱས་ཏེ་ཡིག་ཚགས་བཟོ་བ་དང་། གཉིས་ནས་ད་ཡོད་ཀྱི་གེ་སར་སྒྲུང་པར་རྩད་གཅོད་དང་སྒྲུང་པ་གསལ་འབྱེད་བྱས་ཏེ་སྒྲུང་པའི་ཡིག་ཚགས་བཟོ་བ། གསུམ་ནས་པར་གཞི་མི་འདྲ་བའི་སྒྲུང་དཔེ་འཚོལ་སྡུད་དང་དག་སྒྲིག་པར་སྐྲུན་བྱེད་པ། བཞི་ནས་ལོ་རེར་གེ་སར་སྒྲུང་པ་དང་གེ་སར་རིག་གནས་སྲུང་སྐྱོབ་མཁན་ལ་གསོ་སྦྱོང་བྱེད་པ། ལྔ་ནས་དམངས་ཁྲོད་ཀྱི་གེ་སར་རིག་གནས་སྲུང་སྐྱོབ་ཚོགས་པ་དང་། གེ་སར་ཟློས་གར་ཚོགས་པ་སོགས་ལ་མཛུབ་སྟོན་དང་རོགས་རམ་བྱེད་པ། དྲུག་ནས་གེ་སར་ཟློས་གར་དང་འབྲེལ་བའི་རིག་རྩལ་བརྩམས་ཆོས་གསར་རྩོམ་ལ་མཐོང་ཆེན་བྱས་ཏེ། མགོ་ལོག་གི་གེ་སར་རིག་གནས་ཁྱབ་སྒྲོག་ལ་འབད་པ་བྱེད་པ། བདུན་ནས་ཧུར་ཐག་སྒོས་མགོ་ལོག་གི་གེ་སར་རིག་གནས་བཤམས་མཛོད་ཁང་གི་བྱེད་ནུས་སྣ་ཚོགས་འདོན་སྤེལ་བྱེད་དགོས་ཞེས་བཤད། །(འཕྲིན་གཏོང་བ། ཕག་མོ་དོན་གྲུབ།)