རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-03   རྩོམ་ཁུངས།    རྣམ་རྒྱལ་ཚེ་རིང་།
གནའ་སྔ་མོ་ཞིག་ལ། ཕྱོགས་བཞི་མཚམས་བརྒྱད་ནགས་ཚལ་གྱིས་ཁེབས་ཡོད་པའི་ཡུལ་གྲུ་ཞིག་ན་སྦྲ་ཁྱིམ་ཁེར་རྐྱང་ཞིག་ཡོད། སྦྲ་དེའི་ནང་ན་ཨ་མ་དྲེད་མོང་ཞིག་དང་དྲེད་ཕྲུག་ཅིག ད་དུང་དེ་ཚང་ལ་གནས་ཚང་གཡར་ནས་བསྡད་ཡོད་པའི་ར་མ་ཞིག་དང་རེའུ་ཕྲུག་ཅིག་བཅས་ཡོད། ཉིན་ཞིག་ལ་ར་མའི་ཨ་མ་དང་ཨ་མ་དྲེད་མོང་གཉིས་མཉམ་དུ་གྲོ་མ་བརྐོ་རུ་འགྲོ་རྒྱུའི་གྲ་སྒྲིག་བྱས། ཨ་མ་དྲེད་མོང་གིས་བུ་ཆུང་གཉིས་ལ་མ་འཕག་ཡུལ་ནས་སྡོད་དང་ཉི་མ་ནུབ་ལ་ཉེ་དུས་ང་རང་གཉིས་ཕྱིར་ཐོན་ཡོང་ཞེས་བཤད་དེ་ལམ་ལ་ཆས། དེ་ལྟར་ཉིན་གཅིག་གི་དུས་ཚོད་རིམ་གྱིས་འདས་ནས་དགོང་མོ་ཐོན་པ་ན་ཨ་མ་དྲེད་མོང་ཕྱིར་ལ་ཐོན་བྱུང་། འོན་ཀྱང་རེའུ་ཕྲུག་གིས་རང་གི་ཨ་མ་མེད་པ་མཐོང་ནས་ཨ་མ་དྲེད་མོང་ལ། ཨ་ནེ་དྲེད་མོང་ལགས། ངའི་ཨ་མ་ཕྱིར་ལ་ནམ་ཡོང་རྒྱུ་རེད་ཅེས་དྲིས་པ་ན། དྲེད་མོང་གིས། ལྕི་བོང་རྟ་ར་འདྲ་ཞིག་ལ་མེ་སྦར་ནས་ཚར་ན་ཕྱིར་ལ་སླེབས་ཡོང་ཞེས་བཤད། ཉི་མ་རིམ་བཞིན་ནུབ་ནས་ས་སྲོད་ཀྱི་དུས་སུ་སླེབས་ཅིང་། གནམ་ངོ་ཡང་གློ་བུར་དུ་འགྱུར་ལ། ལྕི་བ་རྟ་ར་འདྲ་བོ་དེ་ཡང་སྦར་ཚར་བའི་དུས་སུ་རེའུ་ཕྲུག་ན་རེ། ཨ་ནེ་དྲེད་མོང་། ངའི་ཨ་མ་ད་དུང་ཕྱིར་ལ་མི་ཡོང་དོན་ཅི་རེད་ཅེས་དྲིས། སྐབས་དེར་ཨ་མ་དྲེད་མོང་གིས་རེའུ་ཕྲུག་ལ། ཁ་རྡོ་རིས་འདྲ་ཞིག་འཇུས་ནས་སྡོད་དང་ཁྱོད་ཀྱི་ཨ་མ་ཕྱིར་ཡོང་ནི་རེད་ཅེས་ཁོང་ཁྲོ་དང་བཅས་བཤད། རེའུ་ཕྲུག་གིས་ཀྱང་རང་གི་ཨ་མ་ཨ་མ་དྲེད་མོང་གིས་བསད་པ་ཤེས་རུང་ལུས་ཀྱི་སྟོབས་དང་ནུས་པ་ཆུང་བའི་རྐྱེན་གྱིས་ཅི་ཡང་བྱེད་མ་ཐུབ་པར་ཁ་རོག་གེར་བསྡད། འཇིག་རྟེན་ཁ་དཔེ་ལ་སྲོག་ལན་སྲོག་གིས་འཇལ་དགོས་ཞེས་པ་ལྟར། ཕྱི་ཉིན་སྔ་མོ་ཨ་མ་དྲེད་མོང་རི་མགོར་གྲོ་མ་བརྐོ་རུ་སོང་བའི་དུས་ཚོད་དང་བསྟུན་ནས་རེའུ་ཕྲུག་གི་སེམས་སུ་ཨ་མ་དྲེད་མོང་མ་ཐུབ་ཀྱང་དྲེད་ཕྲུག་དེ་གསོད་དགོས་སྙམ་ནས་ན་རེ། དྲེད་ཕྲུག་ཆུང་ཆུང་སྒོ་ལ་ཤོག་དང་རྩེད་མོ་རྩེ་ཞེས་བཤད། དྲེད་ཕྲུག་གིས་ང་ལ་ཨ་མས་སྒོ་ཕྱིར་སོང་ནས་རྩེད་མོ་མ་རྩེ་ཟེར་གི་ཞེས་བཤད་དེ་སྒོ་ལ་མ་ཡོང་། རེའུ་ཕྲུག་གིས་ཡང་བསྐྱར་བསམ་བློ་མང་བོ་ཞིག་བཏང་རྗེས་འདི་ལྟར། དེ་ན་ཁྱོད་རས་གུར་གྱི་ཁ་ཚུབ་ནས་ཕྱི་ལ་ཤོག ཁྱོད་ཀྱི་ཨ་མས་ཁྱོད་སྒོ་ཕྱི་ལ་མ་འགྲོ་ཟེར་བ་ལས་ཁ་ཚུབ་ནས་མ་འགྲོ་ལབ་མེད་པས་ཁ་ཚུབ་ནས་ཤོག་དང་སྐྱོན་ཡོད་ནི་མ་རེད། ཅེས་བཤད་ཚེ། དྲེད་ཕྲུག་གིས་ཀྱང་དེ་བདེན་པར་སྙམ་ནས། ཁ་ཚུབ་ལས་སྒོ་ཕྱིར་འོངས། རེའུ་ཕྲུག་གིས་རྩེད་མོ་རྩེ་ཁུལ་གྱིས་དྲེད་ཕྲུག་བསད་དེ་ཉལ་ཐུལ་གྱི་ནང་དུ་བཅུགས་ནས། ཕར་བལྟས་ཚོད་ཀྱིས་བྱིས་པ་ཞིག་ཉལ་ཡོད་པ་དང་འདྲ་བར་བྱས་ཏེ་བཞག ཉི་མ་རི་སྐེད་དུ་ཤར་བ་དང་ཨ་མ་དྲེད་མོང་ཕྱིར་ལ་སླེབས།ཨ་མ་དྲེད་མོང་གིས་རང་ཉིད་ཀྱི་གཅེས་ཕྲུག་དེ་རེའུ་ཕྲུག་གིས་བསད་པ་ཤེས་ནས་སྒོ་ཕྱི་རུ་བུད་དེ་རེའུ་ཕྲུག་བཙལ། རེའུ་ཕྲུག་རྐང་འཇབ་ལག་འཇབ་ཀྱིས་རི་མགོར་འགོས་ནས་འགྲོ་བའི་སྐབས་སུ་ཨ་མ་དྲེད་མོང་གིས་མཐོང་སྟེ། མ་འབྲོ། དེ་རིང་ངས་ཁྱོད་གསོད་མ་ཐུབ་ན་ང་ཨ་མའི་བུ་མིན། ཞེས་བཤད་དེ་རེའུ་ཕྲུག་གི་རྗེས་སུ་བསྙེགས། རེའུ་ཕྲུག་བྲོས་བྲོས་པའི་རྗེས་སུ་ཟོག་རྫི་རྒན་པོ་ཞིག་ལ་ཐུག་ནས་ན་རེ། ང་ལ་གཞའ་ས་རེ་དང་སྐོང་ས་རེ་ཨེ་ཡོད། རྗེས་ན་ཨ་མ་དྲེད་མོང་ཡོང་གི་ཡོད། ཞེས་བཤད་པ་ན། ཟོག་རྫི་དེས་ངེད་ཚང་གི་མཛོ་མོ་དཀར་མོའི་རྣ་བའི་ནང་དུ་སྦས་ཞེས་བཤད། སྐབས་དེར་དྲེད་མོང་ཡང་ཟོག་རྫི་རྒན་པོ་དེའི་མདུན་དུ་འོང་ནས། ཨ་རོགས། རེའུ་ཕྲུག་ཅིག་ཨེ་རིག དྲང་མོར་མ་བཤད་ན་ངས་ཁྱོད་ཤ་ཉོག་རུས་ཉོག་དུ་གཏོང་། ཞེས་ངར་སྐད་དང་བཅས་བཤད། རིག་ཐལ། རིག་ཐལ། ད་མྱུར་དུ་ཕྲོས་ཞེས་སྐད་བཏང་། རེའུ་ཕྲུག་མཛོ་མོའི་རྣ་བ་ལས་ཕྱིར་མཆོངས་ཏེ་བྲོས་སོང་།སོང་སོང་མཐར་གྲོ་མ་བརྐོ་བའི་མི་ཅིག་ལ་ཐུག་ནས་དེ་ལ། ང་གཞའ་ས་རེ་དང་སྐོང་ས་རེ་ཨེ་ཡོད། གཞུག་ན་ཨ་མ་དྲེད་མོ་ཡོང་གི་ཡོད། ཅེས་དྲིས། མི་དེས་མྱུར་དུ་ངའི་གྲོ་ཁུག་ནང་དུ་འཛུལ་ཞེས་བཤད། སྐབས་དེར་དྲེད་མོང་ཡང་ཐོན་ནས། རེའུ་ཕྲུག་ཅིག་ཨེ་རིག་ཐལ། རིག་ན་དྲང་མོར་ཤོད་མ་གཏོགས་ངས་ཁྱོད་བཟའ་རྒྱུ་ཡིན་ཞེས་བཤད། གྲོ་མ་བརྐོ་མཁན་དེ་སྐྲག་ནས་འདར་སིག་སིག་གིས། རིག་ཐལ། རིག་ཐལ། ད་མགྱོགས་པོ་མྱུར་དུ་ཕྲོས་ཕྲོས་ཞེས་སྐད་གསང་མཐོན་པོས་བོས། རེའུ་ཕྲུག་གིས་གྲོ་མ་སྤར་བ་དོ་དང་ཁ་ནང་ལ་གང་བཟུང་ནས་བྲོས་སོང་།བྲོས་བྲོས་མཐར་རེའུ་ཕྲུག་ནགས་ཚལ་སྟུག་པོ་རི་གཟར་བྲག་གཟར་མང་ས་ཞིག་ཏུ་སླེབས། ཁོ་མདུན་དུ་སོང་བ་ན་ཉེ་འགྲམ་གྱི་སྡོང་རྒན་ཞིག་གི་འོག་ཏུ་གཅན་གཟན་སྟག་ཅིག་ཡར་ལ་ལངས་བྱུང་། རེའུ་ཕྲུག་གིས་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་སྟག་རྒན་ལ་ང་རང་གཞའ་ས་རེ་དང་སྐོང་ས་རེ་ཨེ་ཡོད། གཞུག་ན་ཨ་མ་དྲེད་མོང་ཡོང་གི་ཡོད། ཅེས་དྲིས་པ་ན། སྟག་རྒན་དེ་ཅུང་མ་དགའ་བའི་ཚུལ་གྱིས་ངའི་རྣ་བའི་ནང་དུ་འཛུལ་ཞེས་བཤད། དུས་དེར་དྲེད་མོང་གིས་ཀྱང་རྗེས་ཆོད་ནས་སྟག་ལ། ར་ཕྲུག་ཅིག་ཨེ་རིག་དྲང་མོར་མ་བཤད་ན་ངས་ཁྱོད་འཆའ་རྒྱུ་ཡིན་ཞེས་བཤད། སྟག་རྒན་རབ་ཏུ་ཁྲོས་ཏེ་གནའ་ནས་ད་བར་དུ་ང་ལ་འཇིགས་སྐུལ་བྱེད་མྱོང་མཁན་སེང་གེ་མ་གཏོགས་བྱུང་མ་མྱོང་། སྡུག་ཅན་ཁྱོད་ལྟ་བུ་ཞིག་གིས་ང་འཆའ་རྒྱུ་ཟེར་ན་དགོད་སློང་བ་མ་རེད་དམ། ཞེས་བཤད་ནས་དྲེད་མོང་དེ་མཆོངས་ཐེངས་གཅིག་གིས་བསད།རེའུ་ངན་མ་ད་མར་ཐོན་ཤོག་དང་། དྲེད་མོང་དེ་ངས་བསད་ཡོད། ཅེས་བཤད། རེའུ་ཕྲུག་ཕྱིར་བུད་དེ་སྟག་རྒན་ལ་བཀའ་དྲིན་ཚད་མེད་ཞུས། སྟག་རྒན་གྱིས་རེའུ་ཕྲུག་ལ་ཞིབ་ལྟ་ཞིག་བྱས་ནས། ཡ་ད་ཟ་མ་ཞིག་ཁ་ནང་ལ་མ་ཡོང་བར་ཉི་མ་མང་བོ་ཡིན། ད་ངས་ཁྱོད་ཟ་དགོས་འདུག་ཅེས་བཤད། རེའུ་ཕྲུག་སྐྲག་ནས་འདར་སིག་སིག་བྱེད་བཞིན། སྟག་ལ་ཞུ་བ་ཇི་ལྟར་བྱས་ཀྱང་མ་ཉན་པས། ཨ་ཁུ་སྟག་རྒན་ལགས། ང་ལ་འདི་ན་ཟ་རྒྱུ་ཉུང་ཙམ་ཡོད། འདི་ཟོས་ཚར་རྗེས་ད་གཟོད་ཁྱོད་ཀྱིས་ང་རང་ཟོས་ན་ཨེ་ཆོག་ཞེས་བཤད། སྟག་རྒན་ཀྱིས་ཀྱང་འདང་ཞིག་བརྒྱབ་ནས་དེ་ཆོག་གི་ཟེར། དེ་ནས་རེའུ་ཕྲུག་གིས་གྲོ་མ་རྣམས་ག་ལེར་ཟས། སྟག་རྒན་ན་རེ། ཁྱོད་ཀྱིས་ཉ་རེ་ཉོ་རེ་ཅི་ཞིག་ཟ་བཞིན་ཡོད། ཅེས་དྲིས། རེའུ་ཕྲུག་གིས་ཨ་ཁུ་སྟག་རྒན་ལགས། ངས་རང་གི་མིག་རྡོ་ཟ་བཞིན་ཡོད་ཞེས་བཤད། སྟག་གིས་དེ་ན་ང་ལ་གཅིག་བྱིན་དང་། ངས་ཨེ་ཞིམ་བལྟ་ཞེས་བཤད། རེའུ་ཕྲུག་གིས་གྲོ་མ་གཅིག་སྟག་གི་ཁ་ནང་དུ་འཕངས། སྟག་གིས་གྲོ་མ་ཟོས་རྗེས། ངར་ཏིག་ཏིག་འདྲ་ཞིག དངོས་གནས་ཞིམ་པོ་འདུག་ད་དུང་གཅིག་བྱིན་དང་། ཞེས་བཤད། རེའུ་ཕྲུག་གིས་ང་ལ་མིག་གཉིས་ལས་མེད། གཅིག་ཁྱོད་ཀྱིས་ཟོས་པ་དང་གཅིག་ནི་ངས་ཟོས་པས་ད་ཚར་སོང་ཞེས་བཤད། སྟག་གིས་དེ་ན་ངའི་མིག་ཅིག་ལོངས་དང་ངེད་གཉིས་ཟ་ཞེས་བཤད། སྐབས་དེར་རེའུ་ཕྲུག་གིས་སྟག་གི་མིག་རྡོ་གཅིག་བྲུས་ཏེ་སྟག་གི་ཁ་ནང་དུ་བཞག སྟག་གིས་འདི་དེ་སྔོན་གྱི་མིག་དང་མི་འདྲ་བར་ངར་མོ་ཞིག་མ་རེད། མིག་གཞན་པ་དེ་ལོངས་དང་བྲོ་བ་ཞིག་མྱོང་ཞེས་བཤད། རེའུ་ཕྲུག་གིས་འོ་ཡ་ཟེར་བཞིན་མིག་གཞན་པ་དེ་ཡང་བླངས་ནས་སྟག་གི་ཁ་ནང་དུ་བཞག་པ་ན། སྟག་རྒན་གྱིས་ཡིད་མ་ཚིམ་པའི་ཉམས་ཀྱིས་ངའི་མིག་རྡོ་གཉིས་དེ་ཁྱོད་ཀྱི་མིག་རྡོ་ལྟར་ཞིམ་པོ་ཞིག་མ་རེད་ཅེས་བཤད། རེའུ་ཕྲུག་ཁོག་དགོད་དང་བཅས་ཁ་རོག་གེར་བསྡད། མཚན་མོར་རེའུ་ཕྲུག་གིས་སྟག་རྒན་ཁྲིད་ནས་བྲག་གཟར་མོ་ཞིག་གི་རྩེ་ལ་སོང་སྟེ་མེས་བསྒོངས་ཏེ་གླུ་འདི་ལྟར་བླངས། ནུབ་མོའི་སྐར་མ་འོད་ཆེམ་ཆེམ། ང་ཡི་སེམས་པ་དགའ་ལྷང་ལྷང་།། ཞེས་སྐད་གསང་མཐོན་པོས་བླངས། ཨ་ཁུ་སྟག་རྒན་ལགས། ཕྱི་ལ་ནུད་མ་གཏོགས་གྲ་ཁ་ཡག་པོ་མེ་ལ་འཚིག་བཞིན་འདུག་ཅེས་བཤད། སྟག་རྒན་གྱིས་འོ་ཡ་ཟེར་བཞིན་ཕྱི་ལ་ཅུང་ནུད་ཅིག་བྱས། ཡང་ཅུང་ཙམ་འགོར་རྗེས་ར་ཕྲུག་གིས། ཨ་ཁུ་སྟག་རྒན་ལགས། ཕྱི་ལ་ནུད་མ་གཏོགས་དྲ་ཁ་ཡག་པོ་མེ་ལ་འཚིག་བཞིན་འདུག ཞེས་བཤད། སྟག་རྒན་ཁོང་ཁྲོ་དང་བཅས་ཕྱིར་ནུད་ཅིག་བྱས་པ་ན་རི་གཟར་མོ་དེའི་རྩེ་ནས་མར་ལྷུང་སྟེ་ཤི། མཐར་ར་ཕྲུག་གིས་རང་ལ་ཡོད་པའི་ཟས་ལྷག་མ་རྣམས་རྒྱབ་ཏུ་ཁུར་ནས་ལམ་ལ་ཆས།