རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-05   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར་》ཐོག་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་3ཚེས་28ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་བཙན་རྒྱལ་ རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གིས་སྣེ་ཁྲིད་པ་དང་རྒྱལ་ཁབ་མང་པོའི་ཞིབ་འཇུག་མི་སྣ་ལས་གྲུབ་པའི་ཚོགས་པ་ཞིག་གིས་མི་དར་མ་5151གི་བདེ་ཐང་གཞི་གྲངས་ཕྱོགས་གཅིག་ཏུ་བསྡུས་པ་དང་། མི་དེ་དག་གི་ཆ་སྙོམས་ལོ་ཚད་ནི་ལོ་37ཡིན་པ་དང་ཕོ་མོ་མང་ཉུང་གཅིག་པ་ཡིན་ལ། ཁོ་ཚོ་ཚང་མ་སྤྱི་ལོ་2011ལོ་དང་སྤྱི་ལོ་2013ལོའི་ཨ་རིའི་རྒྱལ་ཡོངས་ཀྱི་བདེ་ཐང་དང་འཚོ་བཅུད་བརྟག་དཔྱད་ནང་ཞུགས་ནས་གཉིད་ཡག་པོ་ཁུག་མིན་གྱི་འདྲི་ཤོག་ལ་ལན་བཏབ་ཡོད། ཞིབ་འཇུག་མི་སྣས་ཟུང་ལྡན་ནུས་ཚད་Xའཕྲོ་ཐིག་བསྡུ་ལེན་དཔྱད་ཆས་ཀྱིས་མི་དེ་དག་གི་ལུས་པོའི་ཚིལ་ཁྱབ་ཚུལ་ལ་བཤར་འབེབས་ཤེས་རྟོགས་བྱས་ཡོད།
བསྡོམས་རྩིས་གཞི་གྲངས་ལ་གཞིགས་ན་ཞིབ་འཇུག་བྱ་ཡུལ་གྱི་མི་དེ་དག་གི་ཉིན་རེའི་ཆ་སྙོམས་གཉིད་ཡུན་ཆུ་ཚོད7ཡང་ཟིན་མེད། ལོ་ཚོད་དང་། རིགས་རྒྱུད། ལུས་པོའི་བྱང་ཚད་ཀྱི་སྟོན་གྲངས། ལུས་པོའི་ཚིལ་གྱི་སྤྱི་འབོར། ཉིན་རེར་བསྡུ་ལེན་བྱས་པའི་ནུས་ཚད་དང་ཨ་རག་ཉིང་ཁུའི་ཚད། གཉིད་ཀྱི་སྤུས་ཚད། གཉིད་ཀྱི་འགོག་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་བྱས་རྗེས། ཞིབ་འཇུག་མི་སྣས་གཉིད་ཁུག་ཡུན་གྱི་དུས་ཚོད་དང་ནང་ཁྲོལ་གྱི་ཚིལ་ལུའི་དབར་ལ་ལྡོག་ཕྱོགས་ཀྱི་འབྲེལ་བ་མངོན་གསལ་ཡོད་པ་ཤེས་རྟོགས་བྱུང་བ་སྟེ། གཉིད་ཁུག་པའི་དུས་ཚོད་ཇི་ཙམ་ཉུང་ན་ནང་ཁྲོལ་གྱི་ཚིལ་ཡང་དེ་ཙམ་གྱིས་མང་བ་དང་། དེ་གཉིས་ཀྱི་འབྲེལ་བ་ནི་ཉིན་རེར་གཉིད་ཁུག་པའི་དུས་ཚོད་ཆུ་ཚོད་8ལས་མི་ཉུང་བའི་དུས་སུ་བརྟན་འཇགས་སུ་གནས་ཡོད། ཆོས་ཉིད་འདི་སྐྱེས་པའི་ལུས་སྟེང་དུ་དེ་བས་མངོན་གསལ་དོད་པ་ཡོད།
ནང་ཁྲོལ་ཚིལ་ནི་མིའི་ལུས་སྟེང་གི་ཆེས་ཉེན་ཁ་ཆེ་བའི་ཚིལ་རིགས་ཤིག་ཡིན། དེ་མི་ཚོས་མཐོང་ཐུབ་པའི་པགས་འོག་གི་ཚིལ་དང་མི་འདྲ་བར་ནང་ཁྲོལ་ཚིལ་དེ་ཕྱི་ངོས་ནས་བལྟས་ན་མངོན་གསལ་དོད་པོ་མེད་མོད། འོན་ཀྱང་ཁྲག་ཤེད་མཐོ་བ་དང་། ཤ་རྒྱགས་པ། མཁྲིས་རྒྱུ་གཤེར་རྩི་མཐོ་བ། ཤན་གླིང་རྒྱུ་འགོག་པ་སོགས་ཀྱི་རྙིང་ཚབ་གསར་འབྱེད་ཀྱི་ནད་འབྱུང་རྒྱུར་ཉེན་ཁ་ཆེའོ།།
ཞིབ་འཇུག་མི་སྣས་ཚོད་དཔག་བྱས་པ་ལྟར་ན། གཉིད་ཉུང་དྲགས་ན་ཀླད་པའི་ཆ་ཤས་མང་པོའི་འགུལ་སྐྱོད་སྙོམས་སྒྲིག་རྒྱུན་ལྡན་མེད་པ་དང་ཀླད་པའི་དགའ་སྤྲོའི་ཚོར་བར་གནོད་པ་བཟོ་སྲིད། དེས་ད་དུང་ཟས་ཀྱི་དང་ག་ཉམས་པའི་སྐུལ་རྩི་ཇེ་ཉུང་དུ་བཏང་སྟེ་ཀླད་པར་ཟས་སྐོམ་གྱི་བརྡ་རྟགས་གཏོང་བའི་སྐུལ་རྩི་ཇེ་མང་ཏུ་གཏོང་སྲིད་པས་མི་རྣམས་ཀྱིས་འཚོ་བཅུད་དེ་བས་མང་པོ་བསྡུ་ལེན་བྱེད་ཐུབ། གཞན་ཡང་། དེས་ད་དུང་ཤན་གླིང་རྒྱུ་ལ་འགོག་རྒོལ་བྱེད་སྲིད་པ་དེ་དག་ཚང་མ་ནང་ཁྲོལ་ཚིལ་ཇེ་མང་དུ་འགྲོ་བ་དང་འབྲེལ་བ་ཡོད།
ཞིབ་འཇུག་ནང་ཞུགས་པའི་འབུམ་རམས་པ་ཀྲན་ནུའོ་སིས་ཞིབ་འཇུག་དེས་གཉིད་མི་འདང་བ་དང་གཟུགས་པོའི་ལྗིད་ཚད་འཕར་བའི་བར་ལ་འབྲེལ་བ་མངོན་གསལ་དོད་པོ་ཡོད་པའི་ལྟ་བར་བདེན་དཔང་གསར་པ་མཁོ་འདོན་བྱས་ཡོད་པས་ལག་ལེན་གྱི་དོན་སྙིང་ལྡན་སྲིད་ཅེས་བཤད་ཡོད། འོན་ཀྱང་ཞིབ་འཇུག་མི་སྣས་དུས་མཚུངས་སུ་གཉིད་ཁུག་པའི་དུས་ཚོད་ཀྱིས་ནང་ཁྲོལ་ཚིལ་ལ་ཤུགས་རྐྱེན་ཐེབས་པའི་ནང་རྐྱེན་དང་རྒྱུ་རྐྱེན་ལ་ངོས་འཛིན་གསལ་པོ་བྱེད་དགོས་ཞེས་བསྟན་ཡོད།
འབྲེལ་ཡོད་ཞིབ་འཇུག་སྙན་ཞུ་《གཉིད་ཀྱི་གསོ་རིག་》དུས་དེབ་གསུམ་པའི་ཐོག་བཀོད་ཡོད།