རྩོམ་པ་པོ།   གཡུ་འབྲུག་མཚོ་མོ།  ཡིག་བསྒྱུར།       དུས་ཚོད།   2023-04-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
གནའ་སྔ་མོ་སྔ་མོ་ཞིག་ལ་ཧ་ཅང་དབུལ་བོ་ཡིན་པའི་ཁྱིམ་ཚང་ཞིག་ཡོད། དེ་ཚང་ལ་ཨ་མ་རྒན་མོ་ཞིག་དང་བུ་མོ་གཉིས་བཅས་གསུམ་ཡོད། ཉིན་ཞིག་ལ་རྒན་མོས་བྱིས་པ་གཉིས་ལ་ཨ་མའི་གཅེས་ཕྲུག་གཉིས་ཀ་ཨ་མ་གྲོ་མ་བརྐོ་རུ་འགྲོ་རྒྱུ་ཡིན། ཁྱོད་གཉིས་གང་ལའང་མ་འགྲོ་བར་ཁྱིམ་ནས་སྡོད་ཅེས་བཤད་དེ་རྒན་མོ་གྲོ་མ་བརྐོ་རུ་བུད་སོང་། རྒན་མོས་རི་མགོ་རུ་གྲོ་མ་རྐོ་བཞིན་པའི་སྐབས་དེར་སྲིན་མོ་འཇིགས་སུ་རུང་བ་ཞིག་ཐོན་ནས་རྒན་མོ་བསད་དེ་ཟོས། སྲིན་མོས་རྒན་མོ་དེའི་ལྭ་བ་རྣམས་ལུས་ལ་གྱོན་ཞིང་། མགོ་ལ་རས་ཀྱིས་དཀྲིས་ནས་བྱིས་པ་གཉིས་ཡོད་སའི་ཁྱིམ་གྱི་ཕྱོགས་སུ་སོང་། སྲིན་མོ་དེས་སྒོ་རྡུང་བཞིན་བྱིས་པ་གཉིས་ལ། འདྲེ་ཕྲུག་གཉིས་ཀ་སྒོ་ཕྱེས་ཟེར། བྱིས་པ་ཆུང་བས་ཨ་མ་རེད་བསམ་ནས་སྒོ་ཕྱེ་གྲབས་བྱེད་སྐབས། བྱིས་པ་ཆེ་བས་སྒོ་མ་ཕྱེ། ཨ་མས་ངེད་གཉིས་ལ་འདྲེ་ཕྲུག་གཉིས་ཀ་ཞེས་མི་འབོད་པས་སྒོ་ཕྱི་རུ་ཡོད་མཁན་དེ་ཨ་མ་མ་རེད་ཟེར། ཁོ་གཉིས་ཀྱིས་སྒོ་མ་ཕྱེ་བར་བསྡད། ཅུང་ཙམ་འགོར་རྗེས་ཡང་སྲིན་མོ་དེས་ལག་པ་སྒོའི་སྲུབས་ཀ་ནས་བསྲིངས་ཏེ། ཨ་མའི་མ་ལོ་སྒོ་ཕྱེ་ཨ་མ་ཕྱིར་ཐོན་ཡོད་ཅེས་བཤད། བྱིས་པ་གཉིས་ཀྱིས་ཁོའི་ལག་པ་ལ་བལྟས་ནས་ངའི་ཨ་མའི་ལག་པ་འདི་འདྲ་ཞིག་མིན། ངའི་ཨ་མའི་ལག་པའི་སྟེང་དུ་སྤུ་དང་སེན་མོ་རིང་བོ་སྐྱེས་མེད་ཟེར། སྲིན་མོ་དེས་སླར་ཡང་ལག་པའི་སྤུ་བྲེག་སེན་མོ་བཅད་དེ་བོས་པ་ན། བྱིས་པ་གཉིས་ཀྱིས་རང་གི་ཨ་མ་རེད་བསམ་སྟེ་སྒོ་ཕྱེ་ནས་སྲིན་མོ་ནང་ལ་ཡོང་དུ་བཅུག དགོང་མོར་མལ་དུ་ཉལ་བའི་སྐབས་སུ་བྱིས་པ་ཆུང་བ་དེ་སྲིན་མོའི་རུམ་ནས་ཉལ། བྱིས་པ་ཆེ་བ་དེ་འདྲེ་མོའི་ཟུར་དུ་ཉལ། སྲིན་མོ་དེས་རང་གི་སྔས་མགོ་རུ་སྲན་མ་དཀར་ཡོལ་གང་དང་། ཉལ་སའི་འདབས་སུ་ཆུ་གྲོ་པུ་གང་བཞག
དུས་ཡུན་ཅུང་ཙམ་འགོར་རྗེས་སྲིན་མོ་དེས་རང་གི་རུམ་ན་ཡོད་པའི་བྱིས་པ་ཆུང་བ་དེ་བསད་ནས་རུས་པ་ཧྲུག་ཧྲུག་དུ་འཆོས། བུ་མོ་ཆེ་བ་དེ་གཉིད་མ་སད་ཀྱི་མཚམས་སུ་སྲིན་མོ་དེས་ཧྲིག་ཧྲིག་ཅི་ཞིག་ཟ་བཞིན་པ་གོ་ནས། ཨ་མ་ཁྱོད་ཀྱིས་ཅི་ཞིག་ཟ་བཞིན་ཡོད་ཅེས་དྲིས། སྲིན་མོས་ངས་སྔས་མགོ་ན་ཡོད་པའི་སྲན་མ་ཟ་བཞིན་ཡོད་ཅེས་ལན་བཏབ། ཡང་ཅུང་ཙམ་འགོར་རྗེས་སྲིན་མོ་རྒན་མོ་དེས་སྒོག་སྒོག་ཅི་ཞིག་འཐུང་བཞིན་པ་ཚོར། ཨ་མ་ཁྱོད་ཀྱིས་ཅི་ཞིག་འཐུང་བཞིན་ཡོད་ཅེས་དྲིས་པ་ན། སྲིན་མོ་དེས་ཨ་མས་ཉལ་ཁྲིའི་ཟུར་གྱི་ཆུ་འཐུང་བཞིན་ཡོད་ཞེས་ལན་བཏབ། དོན་དངོས་སུ་བུ་མོ་ཆུང་བའི་ཁྲག་འཐུང་བཞིན་ཡོད། བུ་མོ་ཆེ་བས་ཀྱང་དེ་རང་གི་ཨ་མ་མ་ཡིན་པ་དང་། རང་ཉིད་ཀྱི་སྤུན་ཆུང་བ་བསད་ནས་ཤ་ཟ་ཞིང་ཁྲག་འཐུང་བཞིན་པའི་གནས་ཚུལ་རྣམས་ཤེས་རྗེས། འཇིགས་སྐྲག་ཆེན་པོ་སྐྱེས་ཏེ་སྲིན་མོ་དེ་ལ། ཨ་མ། ང་རང་སྒོ་ཕྱི་རུ་གཅིན་གཏོང་དུའགྲོ་དགོས་འདུག་ཅེས་བཤད། སྲིན་མོས་སྒོ་ཕྱི་རུ་མ་འགྲོ་གོ་ཁ་རུ་བཏང་ན་ཆོག་ཟེར། གོ་ཁ་རུ་བཏང་ན་རྗེས་ཕྱོགས་མགྲོན་པོ་ཡོང་ན་ངོ་ཚ། ང་རང་སྒོ་ཕྱི་རུ་སོང་ནས་གཏོང་རྒྱུ་ཡིན་ཞེས་བཤད། ཡང་སྲིན་མོ་དེས་དེ་ན་ཇ་ནེ་ནང་དུ་གཏོང་ཞོག་ཟེར། བུ་མོས་ཅ་ནེའི་ནང་དུ་གཅིན་བཏང་ན་རང་གི་བསོད་ནམས་ལ་གནོད་པས་ང་སྒོ་ཕྱི་རུ་འགྲོ་རྒྱུ་ཡིན་ཞེས་བཤད། དེ་ནས་སྲིན་མོ་དེས་བུ་མོའི་རྐང་པ་ལ་ཐག་པ་ཞིག་བཏགས་ཏེ་སྒོ་ཕྱི་རུ་གཅིན་གཏོང་དུ་འགྲོ་རུ་བཅུག ཅུང་ཙམ་འགོར་རྗེས་སྲིན་མོ་དེས་ཐག་པས་སུག་འཐེན་འགའ་བྱས་ཏེ་ད་གཅིན་བཏང་ནས་ཨེ་ཚར་ཞེས་དྲིས། བུ་མོ་དེས་ད་དུང་མ་ཚར་ཅུང་ཙམ་འགོར་ན་ཚར་ཡོང་། ཞེས་ལན་བཏབ། བུ་མོས་མྱུར་དུ་རང་གི་རྐང་པའི་ཐག་པ་དེ་ཕག་གི་རྐང་པ་ལ་བཏགས་རྗེས་ཁོ་རང་གསང་སྟབས་ཀྱིས་བྲོས་སོང་། ཅུང་ཙམ་འགོར་རྗེས་སྲིན་མོ་དེས་བུ་མོ་བྲོས་སོང་བ་ཤེས་ནས་བུ་མོའི་རྗེས་བསྙེགས་ཏེ་བདའ་ནས་རྒྱུགས། བུ་མོ་དེ་རྒྱང་ཐག་རིང་བོ་ཞིག་ལ་བྲོས་སོང་ཡང་། སྲིན་མོ་དེའི་མིག་འོག་ལས་གཏན་ནས་ཐར་མ་ཐུབ། སྲིན་མོ་དེ་མགྱོགས་མྱུར་གྱིས་འོངས་ཏེ་བུ་མོ་འཛིན་ལ་ཉེ་བའི་སྐབས་སུ་བུ་མོ་དེས་གནམ་ལ་གསོལ་བ་བཏབ་ནས། གནམ་ཨ་ནེ་གོང་མ་རྒྱལ་མོ་ལགས། བུ་མོ་ང་ལ་ལྕགས་ཐག་འདོམ་པ་དགུ་བསྲིང་རོགས་ཞེས་བརྗོད་མ་ཐག་ཏུ་ནམ་མཁའ་ནས་ལྕགས་ཐག་འདོམ་པ་དགུ་སིང་སྒྲ་དང་བཅས་མར་བསྲིངས་བྱུང་། བུ་མོ་དེའི་སྟེང་དུ་འགོས་ནས་གནམ་ལ་འགྲོ་བའི་ཚེ་སྲིན་མོས་རིག་སྟེ། སྲིན་མོས་བུ་མོ་ལ་བོས་ནས་ཁྱོད་དེ་འདྲའི་མཐོན་པོ་ཞིག་ལ་ཇི་ལྟར་སོང་བ་ཡིན་ཞེས་བཤད། བུ་མོས་ངས་ནམ་མཁའ་ལ་སྨོན་ལམ་བརྒྱབ་ནས་བལ་ཐག་འདོམ་པ་དགུ་བསྲིང་རོགས་ཞེས་བཤད་པ་ན། བར་སྣང་ནས་བལ་ཐག་འདོམ་པ་དགུ་བསྲིངས་བྱུང་། སྲིན་མོ་དེས་བུ་མོས་བཤད་པ་ལྟར་སྨོན་ལམ་བརྒྱབ་པ་ན་བར་སྣང་ནས་ཐག་པ་འདོམ་པ་དགུ་བསྲིངས། སྲིན་མོ་དེ་ཡང་དེའི་སྟེང་དུ་འགོས་ནས་བར་སྣང་མཐོན་པོ་ཞིག་ལ་སླེབས་པ་ན་ཐག་པ་ཆད་པས་སྲིན་མོ་ས་ལ་བརྒྱབ་ནས་ཤི་སོང་ངོ་།།མཛུབ་སྟོན་དགེ་རྒན། བློ་བཟང་བཀྲ་ཤིས།