སོ་མེད་ན་ཚེ་ལོ་11.7ཐུང་དུ་འགྲོ་བ་ཞིབ་འཇུག་ལས་ཤེས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-13   རྩོམ་ཁུངས།    ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན།

    ཏེན་མག་གི་ཞིབ་འཇུག་རྣམ་གྲངས་ཤིག་གིས་ལོ་70ལ་སླེབས་པའི་རྒན་རྒོན་573གྱི་ལོ་21རིང་གི་འཚོ་གནས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་ལྟར་ན། སོ་མེད་པའམ་ཡང་ན་སོ་10ལས་ཉུང་བའི་རྒན་རྒོན་ལོ་5ཡི་ནང་དབང་པོ་སྐྱོན་ཅན་དུ་འགྱུར་ཚད་སོ་20ཡོད་པའི་རྒན་རྒོན་ལས་ལྡབ་2.81དང་ལྡབ་2.13ཡིན་པ་རེད། ལོ་21སོང་བའི་རྗེས་སུ་སོ་མེད་རྒན་རྒོན་གྱི་འཆི་ཚད་དེ་སོ་20ཡོད་པའི་རྒན་རྒོན་ལས་26%གིས་མཐོ་བ་རེད།
    གཞན་ཡང་། སུའེ་ཙེར་གྱི་གོ་ལ་ཧྲིལ་པོའི་དར་མ་དང་རྒན་རྒོན་ཁྲི་1ལ་རྗེས་འདེད་ཞིབ་འཇུག་བྱེད་པའི་བརྟག་དཔྱད་ཅིག་ལས་མངོན་པ་ལྟར་ན། སོ་ཆ་ཚང་ཡོད་མཁན་གྱི་ཆ་སྙོམས་ཚེ་ཚད་དེ་སོ་མི་ཚང་མཁན་ལས་ལོ་11.7གྱིས་རིང་བ་ཡོད་པ་རེད།
སོ་གཅིག་བུད་ཀྱང་ཤུགས་རྐྱེན་ཧ་ཅང་ཆེ།
    མི་ལ་སོ་28ནས་32བར་ཡོད་པས་ན། མི་མང་པོ་ཞིག་གིས་སོ་རེ་ཟུང་མེད་པར་གྱུར་ཡང་སྐྱོན་མེད་འདོད་ཀྱི་ཡོད་མོད། དོན་དངོས་སུ་སོ་གཅིག་ཆད་ན་ལུས་ཡོངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།  
1.སོ་གཅིག་བུད་ཀྱང་ཤུགས་རྐྱེན་ཆེ།
    སོ་མེད་པར་གྱུར་ན་སོ་རུས་ལ་རྒྱུན་ལྡན་གྱི་ཚོར་ཟུག་སྐྱེད་མི་ཐུབ་པས་འཁུམ་འགྱུར་བྱུང་ནས་ངོ་གདོང་ལ་འགྱུར་བ་འབྱུང་གི་ཡོད། གལ་ཏེ་སོ་མང་པོ་བུད་ན་སོ་ཡོ་བ་དང་གནས་སྤོ་འབྱུང་བ་སོགས་ཀྱི་སྣང་ཚུལ་འབྱུང་སླ་བས། སོ་འགྲིག་པོར་བཙུམ་མི་ཐུབ་པ་དང་མ་མགལ་གྱི་ཤ་གནད་ན་བ། ཁ་གདངས་མི་ཐུབ་པ་སོགས་ཀྱི་ནད་རྟགས་ཐོན་པ་མ་ཟད། ཐ་ན་སོ་རུལ་བ་དང་། སོ་རྙིལ་ན་བ། ཁ་དྲི་ཐོན་པ། སོ་བུད་པ་སོགས་ཀྱི་གནས་ཚུལ་ཐོན་ཉེན་ཆེ།
2.ཟ་མ་ལྡད་པར་ཤུགས་རྐྱེན་ཐེབས་པ།
    རྒན་རྒོན་མང་པོ་ཞིག་ལ་སོ་མེད་པའམ་ཡང་ན་སོ་ཆ་མི་ཚང་བར་གྱུར་བས་ཤ་ཟ་ཐུབ་ཀྱི་མེད་ཅིང་། དུས་ཡུན་རིང་ན་སྤྲི་དཀར་མི་འདང་བའི་གནས་ཚུལ་ཐོན་སླ། རྒན་རྒོན་ཁ་ཤས་ལ་མཚོན་ན་ཆིན་ཚལ་སོགས་ཚི་སྣའི་འདུས་ཚད་མཐོ་བའི་སྔོ་ཚལ་འཚོས་པོ་མ་བྱས་ན་ཟ་ཐུབ་ཀྱི་མེད་ཅིང་། སྔོ་ཚལ་དེ་རིགས་ཚོས་དྲག་ན་འཚོ་རྒྱུ་ཤོར་བ་ཡིན།
    སོ་ཡག་པོ་མེད་པའི་རྒན་རྒོན་ལ་ལས་ཟ་མ་ཁྱུར་མིད་གཏོང་གི་ཡོད། ལྡད་ཡག་པོ་མ་བརྒྱབ་པའི་ཟ་མས་འཇུ་ལམ་གྱི་ཁུར་པོ་ལྕི་རུ་གཏོང་བ་ཡིན་པས། འཚོ་བཅུད་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མ་ཟད་འཇུ་བྱེད་མ་ལག་གི་ནད་གཞི་སྣ་ཚོགས་ཀྱང་སློང་ཉེན་ལྡན་པ་ཡིན།
3.དྲན་ཤེས་ཉམས་མགྱོགས་སུ་ཕྱིན་པ།
 སོའི་དབང་རྩ་མང་པོ་ཀླད་པ་དང་འབྲེལ་ཡོད་པས། ཉིན་རེར་ཟ་མ་ལྡད་ཐེངས་ཁྲི་ཕྲག་ཟིན་པ་དེས་ཀླད་ཆེན་ལ་ངར་སྐུལ་བྱེད་བཞིན་ཡོད་ཅིང་། དེ་ནི་ཀླད་ཆེན་ལ་བདེ་སྲུང་ལུས་སྦྱོང་བྱེད་པ་དང་གཉིས་སུ་མེད། སོ་བུད་ཚེ་ཀླད་ཆེན་ལ་ཟུག་ཚོར་འདང་ངེས་སྐྱེད་མི་ཐུབ་པས། སོ་དང་འབྲེལ་ཡོད་ཀྱི་དབང་རྩའི་ལྟེ་བ་རིམ་གྱིས་ཉམས་པ་ཡིན་པས་ཡུན་རིང་འགོར་ན་དྲན་ཤེས་ཀྱང་ཉམས་པ་རེད།
4.ལུས་ཡོངས་ཀྱི་ནད་རིགས་སྣ་ཚོགས་སློང་བ།
     ཀྲུང་གོ་སོའི་བདེ་ཐང་སྐུལ་སྤེལ་ཐེབས་རྩ་ཚོགས་པས་སོ་བུད་པ་དང་འགོག་ནུས་ཉམས་པའི་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་སྤེལ་བའི་ནང་། སོ་བུད་མཁན་ལ་ཕོ་བའི་འབྲས་སྐྲན་དང་རྒྱུ་མའི་འབྲས་སྐྲན་ཕོག་ཚད་སོ་ཚང་མཁན་ལས་30%ཡིས་མཐོ་ཞེས་བཀོད་ཡོད། འཚོ་བཅུད་བསྡུ་ལེན་ཡག་པོ་བྱེད་མི་ཐུབ་པས་སོ་བུད་མཁན་ལ་སྙིང་ནད་དང་ཕོ་བའི་ནད། གཅིན་པ་མངར་འགྱུར་གྱི་ནད། སྙིང་གི་ཁྲག་རྩའི་ནད། ཚིགས་ནད་སོགས་ཕོག་ཚད་ཀྱང་སོ་ཡོད་མཁན་ལས་མངོན་གསལ་གྱིས་ཆེ་བ་ཡོད་པ་རེད།