བོད་བརྒྱུད་ནང་བསྟན་གྱི་ཆོས་འགྲེལ་རྩོམ་བསྡུའི་བརྡ་ཡིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་གནང་བའི“རང་བབ་ཀྱི་ལས་གནས་ལ་ངོས་འཛིན་དང་དུས་རབས་ཀྱི་གནད་དོན་ལ་གདོང་གཏོད་པ”ཞེས་པའི་དུས་རབས་ཀྱི་འབོད་སྐུལ་ལ་དང་ལེན། ཁྱོན་ཡོངས་ནས་ཆོས་ལུགས་ནན་སྐྱོང་ལ་ཁ་ཕྱོགས་ནས་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བྱ་ཐབས་ལ་གྲོས་ཞིབ་གནང་རྒྱུ་བཅས་ལ་དམིགས་ཏེ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས། སྤྱི་ལོ་༢༠༢༣ལོའི་ལོ་སྨད་ལ་པེ་ཅིང་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་བགྲོ་གླེང་ཚོགས་འདུ་འཚོགས་འཆར་ཡོད་པས།(ཚོགས་འདུའི་ཞིབ་ཕྲའི་བརྡ་ཐོ་ལོགས་སུ་གཏང་རྒྱུ) འདིར་ཆེད་དུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་རྣམ་པར་དཔྱད་རྩོམ་བསྡུ་རྒྱུ།
    གཅིག བགྲོ་གླེང་གི་བརྗོད་གཞི།
    རང་བབ་ཀྱི་ལས་གནས་ལ་ངོས་འཛིན་དང་དུས་རབས་ཀྱི་གནད་དོན་ལ་གདོང་གཏོད་པ།
——ཁྱོན་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་གོ་བསྐལ་བཟང་པོ།
    གཉིས། རྩོམ་བསྡུའི་ཁ་ཕྱོགས།
༡ བསྲིས་བཀུར་སྤྲོས་སྤོང་དང་བོད་བརྒྱུད་ནང་བསྟན་གྱི་འདོད་ཆུང་ཆོག་ཤེས།
༢ ཁྲིམས་བརྩི་སྡོམ་སྲུང་དང་བོད་བརྒྱུད་ནང་བསྟན་གྱི་བསླབ་ཁྲིམས་གཅེས་སྤྲས།
༣ འགྲོ་ལ་ཕན་བདེ་དང་བོད་བརྒྱུད་ནང་བསྟན་གྱི་བྱམས་བརྩེ་གཞན་ཕན།
༤ སྤྱི་ཚོགས་ཞབས་ཞུ་དང་བོད་བརྒྱུད་ནང་བསྟན་གྱི་འགྲོ་ཕན་ལས་བཟང་།
     སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བཟུང་སྟེ། བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་དང་གསུང་རབ་ཁྲོད་ཀྱི་དགེ་མཚན་ལྡན་པའི་བསམ་བློ་སྔོག་འདོན་དང་དར་སྤེལ་གཏོང་ཆེད་གོང་གསལ་གྱི་བརྗོད་གཞི་ཁག་ལས་གང་རུང་ཞིག་བདམས་ན­­­ས་“རང་བབ་ཀྱི་ལས་གནས་ལ་ངོས་འཛིན་དང་དུས་རབས་ཀྱི་གནད་དོན་ལ་གདོང་གཏོད་པ”ཞེས་པའི་དམིགས་ཚད་ལ་ཁ་ཕྱོགས་ཏེ་འོས་འཚམ་གྱི་རྩོམ་བྱང་གཏན་ལ་ཕབ་ནས་དགོངས་འགྲེལ་གནང་རོགས།
    གསུམ། རྩོམ་བསྡུའི་བླང་བྱ།
    ༡ བརྩམ་བྱ་གང་དེ་བསྟན་དང་འགྲོ་བ་ལ་གཅིག་ཏུ་གཅེས་པའི་བློ་འབའ་ཞིག་གིས་ཀུན་ནས་བསླངས་ཏེ་བརྩམས་གནང་བའི་གསར་རྩོམ་ཡིན་དགོས། སྔོན་བྱོན་དམ་པའི་དཔྱད་གསུམ་དག་པའི་གསུང་རབ་དང་ཚད་མའི་རིགས་ལམ་ལ་དཔེ་བལྟས་ཏེ། རྗོད་བྱེད་སུམ་རྟགས་དག་གསུམ་དང་མཐུན་པ། བརྗོད་བྱ་ཡུལ་དུས་དང་འཚམ་པ། དོན་འདུ་ཞིང་ཚིག་ཚོགས་བསྐྱུང་བ། ཡུལ་སྐད་སྤངས་པ་བཅས་ལ་གཞོལ་ནས། རྐུ་བཤུ་མ་ཡིན་པ་དང་། རྩོམ་འགན་རང་གིས་འཁུར་དགོས།
༢ ཡིག་རིགས། རྒྱ་ཡིག་དང་བོད་ཡིག་གང་རུང་ཡིན་ཆོག
༣ ཡིག་ཆའི་རྣམ་གཞག བརྩམས་ཆོས་WORDཡིག་ཆའི་ནང་ཕབ་སྟེ་སྤྲོད་དགོས་ཤིང་། དཔྱད་རྩོམ་གྱི་གྲུབ་ཆར་ཁ་བྱང་དང་རྩོམ་པ་པོའི་མཚན། ནང་དོན་གནད་བསྡུས།(ཡི་གེ་༡༠༠ནས་༣༠༠བར་དང་། རྩོམ་ཡིག་གི་ནང་དོན་གཙོ་བོ་འདུས་དགོས) གནད་ཚིག(༣ནས་༥བར)དཔྱད་གཞིའི་ཡིག་ཆ་བཅས་ཚང་དགོས། བརྩམས་ཆོས་དང་ལྷན་དུ་རྩོམ་པ་པོའི་རུས་མིང་དང་ཕོ་མོ། མི་རིགས། ཕ་ཡུལ། ལས་རིགས། དགོན་པའམ་ལས་ཁུངས་བཅས་འདུས་པའི་ལོ་རྒྱུས་མདོར་བསྡུས་དང་། འཕྲིན་གཏོང་ས་གནས། འབྲེལ་གཏུག་ཁ་པར། གློག་རྡུལ་ཡིག་སྒམ་སོགས་འགོད་རོགས།
༤ ཡིག་འབྲུའི་ཚད། ཡིག་འབྲུ་༣༠༠༠ནས་༥༠༠༠བར།
    བཞི། བྱ་དགའ་བཀོད་སྒྲིག་དང་གྲུབ་འབྲས་བེད་སྤྱོད།
   ཕུལ་བྱུང་བརྩམས་ཆོས་ཀྱི་རྩོམ་པ་པོར་བྱ་དགའི་དཔང་ཡིག་སྤྲོད་རྒྱུ། དཔྱད་འདེམས་བརྒྱུད་བདམས་ཐོན་བྱུང་བའི་བརྩམས་ཆོས་ཕྱོགས་གཅིག་ཏུ་བསྡུས་ཏེ་༼ཆོས་དོན་དགོངས་འགྲེལ་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས༽ནང་དཔེ་སྐྲུན་བྱ་རྒྱུ་ཡིན་པ་མ་ཟད་རྩོམ་ཡོན་འབུལ་རྒྱུ། རྩོམ་པ་པོ་ཚོགས་འདུར་ཆེད་ཞུས་ཀྱིས་བགྲོ་གླེང་བྱ་རྒྱུ་དང་། དེའི་རིང་གི་འགྲོ་གྲོན་གཙོ་གཉེར་ཕྱོགས་ཀྱིས་སྤྲོད་རྒྱུ།
    ལྔ། བརྩམས་ཆོས་བསྐུར་ཐབས།
    ཡིག་ཟམ་ནང་བསྐུར་ཡུལ། zyxgjfxy@126.com
    འབྲེལ་གཏུག་བྱ་ཡུལ། བྱམས་པ་འཕྲིན་ལས། ༡༥༢༡༠༨༠༡༡༥༨
    རྩོམ་ཡིག་བསྡུ་མཚམས་འཇོག་ཡུན། ༢༠༢༣ལོའི་ཟླ་༡༠ཚེས་༡ཉིན།
    ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས།
    སྤྱི་ལོ༢༠༢༣ལོའི་ཟླ༣ཚེས༢༥ཉིན།