རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-08   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
མཁྲིས་རྡོ་ཡི་འབྱུང་རྐྱེན།
མཁྲིས་རྡོ་ནི་དོན་དངོས་སུ་མཁྲིས་སྐྲན་ཡིན་ལ། མཁྲིས་སྣོད་ཀྱི་ནང་དུ་བྱུང་བའི་མཁྲིས་སྐྲན་གྱི་རིགས་ཤིག་རེད། དེང་སྐབས་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་དང་བཟའ་བཏུང་གི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་བའི་དབང་གིས།མཁྲིས་རྡོ་འབྱུང་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད།
མཁྲིས་རྡོའི་འབྱུང་རྐྱེན་ལ་རྣམ་པ་སྣ་ཚོགས་ཡོད་པས་ཧ་ཅང་རྙོག་འཛིང་ཡིན། མཆིན་པའི་ཕྲ་ཕུང་གིས་མཁྲིས་ཁུ་ཟགས་ཐོན་བྱེད་པ་དང་། དེའི་གྲུབ་ཆ་གཙོ་བོ་ནི་ཆུ་དང་མཁྲིས་སྐྱུར་ཚྭ། མཁྲིས་རྒྱུ་གཤེར་རྩི། ལིན་ཚིལ། མཁྲིས་པའི་དམར་རྒྱུ་བཅས་ཡིན། མཁྲིས་རྒྱུ་གཤེར་ཁུ་དེ་ཆུའི་ནང་དུ་མི་ཞུ་བ་དང་། མཁྲིས་ཁུའི་ཁྲོད་ཀྱི་མཁྲིས་ཚྭ་དང་ལིན་ཚིལ་གྱིས་གྲུབ་པའི་འགྱིག་རྡོ་ཕྲ་མོས་མཁྲིས་རྒྱུ་གཤེར་ཁུ་བཏུམས་ཏེ། དེ་ཉིད་མཁྲིས་ཁུའི་ཁྲོད་དུ་བཞུ་རུ་བཅུག་པ་ལས་མཁྲིས་རྡོ་བྱུང་བ་རེད། གལ་ཏེ་མཁྲིས་ཁུའི་ཁྲོད་ཀྱི་མཁྲིས་རྒྱུ་གཤེར་ཁུ་མང་དྲགས་པ་དང་གར་ཚད་མཐོ་དྲགས་ཏེ། མཁྲིས་ཚྭ་དང་ལིན་ཚིལ་དེ་འགྱིག་རྡོ་ཕྲ་མོའི་བཞུ་ནུས་ལས་བརྒལ་ན། མཁྲིས་རྒྱུ་གཤེར་ཁུ་གཏིང་དུ་འབྱིང་སྟེ་མཁྲིས་རྡོར་ཆགས་པའང་ཡོད། མི་རྣམས་ལ་མཁྲིས་པའི་བྱེད་ནུས་ཇེ་ཞན་དུ་སོང་བའི་ཚོར་བ་འབྱུང་སྐབས། མཁྲིས་པའི་ནང་གི་མཁྲིས་ཁུ་འགག་པ་དང་མཁྲིས་རྒྱུ་གཤེར་ཁུ་གཅིག་ཏུ་འདུས་ཡོད།
མཁྲིས་རྡོའི་ནད་རྟགས།
མི་ཁ་ཤས་ཤིག་ལ་ནད་རྟགས་གང་ཡང་མེད་ནའང་། ལུས་པོར་བརྟག་དཔྱད་བྱེད་སྐབས་མཁྲིས་རྡོ་ཡོད་པ་ཤེས་པ་རེད། གནས་ཚུལ་དེའི་རིགས་ལ་ནད་རྟགས་མེད་པའི་མཁྲིས་རྡོ་ཟེར། ནད་རྟགས་ཡོད་པའི་མཁྲིས་རྡོ་ནད་པར་གཤམ་གྱི་ནད་རྟགས་འདི་དག་ཡོད་པ་སྟེ།
མཁྲིས་པ་ན་བ། མཁྲིས་རྡོ་ཡི་ནད་རྟགས་གཙོ་བོ་ནི་མཁྲིས་པ་ན་བ་དེ་རེད།སྤྱིར་བཏང་དུ་ནད་པས་ཟ་མ་རྒྱགས་ཆོད་པ་ཟོས་པ་དང་སྣུམ་ཞག་ཆེ་བའི་ཟ་མ་ཟོས་རྗེས་འབྱུང་སྲིད། གཙོ་བོ་གསུས་སྟོད་ན་བ་དང་ཡང་ན་དཔུང་བ་གཡས་མའི་ལྟག་རྒྱབ་ན་ལ། དེ་དང་མཉམ་དུ་སྐྱུག་མེར་ལངས་པ་དང་ཞེན་ཁ་ལོག་པ་སོགས་ཀྱི་ནད་རྟགས་འབྱུང་།
ཟས་རིགས་མི་འཇུ་བ། མཁྲིས་རྡོའི་ནད་པ་ཁ་ཤས་ཤིག་ལ་ཟས་རིགས་མི་འཇུ་བ་སོགས་ཕོ་རྒྱུའི་ནད་རྟགས་འབྱུང་། དཔེར་ན་གསུས་ཁོག་ན་བ་དང་སྦོས་ཤིང་མི་བདེ་བ། སྒྲེག་པ་དང་སྐྱིགས་བུ་བྱེད་པ་སོགས་ཀྱི་ནད་རྟགས་འབྱུང་བས། ནད་པ་མང་པོ་ཞིག་གིས་ཕོ་བའི་ནད་ལ་ངོས་འཛིན་གྱིན་ཡོད། མཁྲིས་རྡོ་ཚབས་ཆེན་ཡིན་ན་ད་རུང་སྣོད་མཁྲིས་བརྡོལ་བ་དང་མཁྲིས་འགག་རང་བཞིན་གྱི་ཤ་སེར།མཁྲིས་ཁུངས་རང་བཞིན་གྱི་གཤེར་རྨེན་གཉན་ཚད། མཁྲིས་སྣོད་འབྲས་སྐྲན་སོགས་འབྱུང་སྲིད།
ལུས་ཡོངས་མི་བདེ་བ། མྱུར་གཤིས་མཁྲིས་པའི་གཉན་ཚད་དང་མཁྲིས་ཁུངས་རང་བཞིན་གྱི་གཤེར་རྨེན་གཉན་ཚད་ཇེ་སྡུག་ཏུ་སོང་ན། ནད་པར་ལུས་ལ་ཤུགས་མེད་པ་དང་གྲང་འདར་རྒྱག་པ། ལུས་ཚ་རྒྱས་པ་སོགས་ལུས་ཡོངས་གཉན་ཚད་ཀྱི་ནད་རྟགས་འབྱུང་བ་དང་། དེ་ནི་ནད་གཞི་ཧ་ཅང་ལྕི་བའི་རྟགས་རེད།
མཉམ་འཇོག་བྱེད་དགོས་ས།
མཁྲིས་ཁུ་ཁྲོད་ཀྱི་མཁྲིས་རྒྱུ་གཤེར་རྩི་ཡི་གར་ཚད་དང་ཡང་ན་མཁྲིས་ཁུ་འགག་པ་སོགས་ལས་མཁྲིས་རྡོ་འབྱུང་བ་དང་། གཤམ་གྱི་མི་འདི་དག་གིས་མཉམ་འཇོག་ལེགས་པོ་བྱེད་དགོས།
གཅིག ཚིལ་ཞག་མཐོ་བའི་ཟས་རིགས་ཟ་རྒྱུར་དགའ་བ། དོ་མི་མཉམ་པའི་བཟའ་བཏུང་གོམས་སྲོལ་འདི་དག་གིས་ལུས་སྟེང་གི་མཁྲིས་ཁུའི་ཁྲོད་ཀྱི་རྫས་འགྱུར་གྲུབ་ཆ་དོ་མཉམ་ཡོང་བར་གནོད་འཚེ་ཐེབས་པ་དང་། མཁྲིས་ཁུའི་ཁྲོད་ཀྱི་གྲུབ་ཆ་གང་ཞིག་ཇེ་མང་དང་ཡང་ན་ཇེ་ཉུང་དུ་བཏང་སྟེ། མཁྲིས་རྡོ་འབྱུང་བར་རྨང་གཞི་བཏིངས་པ་རེད། སྣུམ་བཅུད་མཐོ་བའི་ཚིལ(སྲོག་ཆགས་ཀྱི་ཚིལ)དང་མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཟས་རིགས། ཁྲག་ཚིལ་མཐོ་བ། ཚོ་རྒྱས་པ། གཅིན་སྙིའི་ཟ་ཁུའི་ནད། མཆིན་པ་སྲ་འགྱུར་སོགས་ནི་མཁྲིས་རྡོ་འབྱུང་བའི་ཉེན་ཁའི་རྒྱུ་རྐྱེན་ཡིན།
གཉིས། ཡུན་རིང་པོར་ཞོགས་ཟས་མི་ཟ་བ། དུས་རྒྱུན་དུ་འཚོ་བའི་ཁྲོད་དུ་མི་མང་པོ་ཞིག་གིས་ཞོགས་ཟས་མི་ཟ་བ་དང་ཡང་ན་ཞོགས་ཟས་དང་གུང་ཟས་མཉམ་དུ་ཟ་བ་རེད། དེ་ནི་གོམས་སྲོལ་ངན་པ་ཞིག་རེད། དུས་ཡུན་རིང་པོར་ནངས་ཇ་མ་འཐུང་ན་མཁྲིས་སྣོད་ཀྱི་འགུལ་ནུས་ལ་གནོད་འཚེ་ཐེབས་ཏེ། མཁྲིས་ཁུ་འགག་པ་དང་མཁྲིས་རྡོ་འབྱུང་བ་རེད།
གསུམ། བུད་མེད། བུད་མེད་ཀྱི་ལུས་སྟེང་གི་མོ་རྒྱུ་སྐུལ་རྩིས་མཁྲིས་ཁུའི་ཁྲོད་ཀྱི་མཁྲིས་རྒྱུ་གཤེར་རྩི་ཡི་གར་ཚད་ཇེ་མཐོར་གཏོང་བ་དང་། མངལ་སྦྲུམ་པ་ཡིས་ཀྱང་མཁྲིས་སྣོད་ཀྱི་འགུལ་ནུས་ལ་གནོད་འཚེ་ཐེབས་པས། བུད་མེད་ལ་མཁྲིས་རྡོ་འབྱུང་ཚད་མཐོ་བའི་རྒྱུ་རྐྱེན་ཡང་དེ་ལ་ཐུག་ཡོད།
དེ་ལས་གཞན་ད་རུང་ལུས་སྦྱོང་མི་བྱེད་པ་དང་དུས་ཡུན་རིང་པོར་ཆང་འཐུང་བ་སོགས་ཀྱི་གོམས་སྲོལ་ངན་པ་དག་གིས། མཁྲིས་རྒྱུ་གཤེར་རྩི་ཡི་རྙིང་ཚབ་གསར་བརྗེ་དང་མཁྲིས་པའི་བྱེད་ནུས་སོགས་ལ་གནོད་འཚེ་ཐེབས་ཏེ། མཁྲིས་རྡོ་འབྱུང་བར་བྱེད་པ་རེད། མཁྲིས་རྡོ་འབྱུང་བར་ཁྱིམ་ཚང་གི་རྒྱུད་འདེད་པ་དང་ཡང་འབྲེལ་བ་ཡོད་པས་མཉམ་འཇོག་བྱེད་དགོས་སོ།།
མཁྲིས་རྡོ་སྔོན་འགོག་བྱེད་ཐབས།
ཆོས་ཉིད་ལྡན་པའི་སྒོ་ནས་བཟའ་བཏུང་སྤྱོད་པ། ཞོགས་ཟས་བཟའ་དགོས་པར་མ་ཟད། ཟས་ཐུན་གསུམ་པོ་ལུགས་མཐུན་གྱིས་སྤྱོད་དགོས་པ་དང་། དུས་ཡུན་རིང་པོར་ཁོག་སྟོང་དུ་འདུག་མི་རུང་།
དུས་བཅད་ལྟར་ལུས་ཕུང་བརྟག་བཤེར་བྱེད་པ། ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་དུས་བཅད་ལྟར་ལུས་ཕུང་ལ་བརྟག་བཤེར་བྱེད་དགོས། མཁྲིས་རྡོ་ཡོད་མེད་ལ་ལྟ་སྐབས་ཐོག་མརBཁྲའོ་ལ་བརྟག་དགོས། Bཁྲའོ་ལ་བརྟག་ན་ཆེ་ཆུང་ལ་ཧའོ་སྨི3ཡན་གྱི་མཁྲིས་རྡོ90%ངོས་ཟིན་པ་དང་། དེ་ལས་ཆུང་བའི་མཁྲིས་རྡོ་ཡིན་ནCTལ་བརྟག་དགོས། གལ་ཏེ་མཁྲིས་རྡོ་ཡོད་པ་ངོ་མ་ཡིན་ན། མྱུར་དུ་སྨན་བཅོས་བྱེད་དགོས་པ་དང་། སྲོལ་རྒྱུན་གྱི་གསོ་བཅོས་བྱེད་འདོད་ན། ཟླ3རེའི་ནང་དུ་བསྐྱར་བརྟག་ཐེངས་རེ་བྱེད་དགོས།
ཟས་ཚོད་འཛིན་ཚད་ཚད་ལས་བརྒལ་མི་རུང་། ཚད་ལས་བརྒལ་ཏེ་ཟས་ཚོད་བཟུང་ན་མཁྲིས་ཁུའི་ཁྲོད་ཀྱི་གྲུབ་ཆ་སྣ་ཚོགས་དོ་མཉམ་ཡོང་བར་གནོད་འཚེ་ཐེབས་ཏེ། མཁྲིས་རྡོ་ཆགས་པའི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད།
དྲན་སྐུལ་བྱེད་དགོས་པ་ཞིག་ནི། ཟས་ལ་ཟ་ཚོད་མི་འཛིན་པར། རྒྱུན་དུ་ཤ་སོགས་སྣུམ་ཞག་ཆེ་བའི་ཟས་རིགས་ཟོས་ན་མཁྲིས་རྒྱུ་གཤེར་ཁུ་ཇེ་མང་དུ་སོང་སྟེ། མཁྲིས་རྒྱུ་གཤེར་ཁུའི་མཁྲིས་སྐྲན་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད། །