​“བྱ་ཚིག”ཏུ་འཕོས་པའི་པདྨ་ཚེ་བརྟན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-16   རྩོམ་ཁུངས།    གངས་ལྗོངས་ཉི་།གཞོན།


པདྨ་ཚེ་བརྟན།(1969-2023)

ཨ་མདོ་བ།

        ཟླ་5པའི་ཚེས་8གྱི་ཞོགས་པར། ནུབ་བྱང་མི་རིགས་སློབ་ཆེན་གྱི་གྲོགས་པོའི་སྐད་འཕྲིན་ལས་ཁོའི་སློབ་གྲོགས་པདྨ་ཚེ་བརྟན་མ་འཚམ་ཐལ་ཟེར། ང་ཧ་ཅང་དངངས་འཚབ་ལངས་བྱུང་། རྒྱུ་མཚན་ཉིན་དེའི་ཡར་སྔོན་ཁོང་གིས་ད་དུང་གེ་རྒྱལ་པདྨའི་གློག་བརྙན《ལེགས་སྐྱེས》ལ་རྟེན་འབྲེལ་བརྗོད་བཞིན་འདུག །ཕྱིར་འདང་བརྒྱབ་ཚེ་ན་ནིང་ད་ལྟའི་དུས་སུ་ཁོང་རང་གི་བརྩམས་སྒྲུང་གསར་པ་ཕྱོགས་བསྒྲིགས《གཏམ་རྒྱུད་ཕྱེད་ཙམ་གླེང་བ》ཞེས་པ་བསྐུར་ནས་འབྱོར། ངས་ཁོང་ལ་རང་ད་དུང་པེ་ཁྲོན་ཆང་རིགས་རང་སྐྱོང་རྫོང་དུ་ལས་སྣེ་བསྣན་ཡོད་ཅེས་བཤད་པར། ཁོང་གིས་གཞི་རིམ་གྱི་ཉམས་མྱོང་ཧ་ཅང་གལ་ཆེན་རེད། སྔ་ཕྱིར་ལུས་གཟུགས་ལ་བདག་སྐྱོང་བྱ་དགོས་ཚུལ་བགོས་རུང་། ཁོང་གིས་མི་ཚེའི་གཏམ་རྒྱུད་དངོས་གནས་ཕྱེད་ཀ་ཙམ་ལས་མི་གླེང་བ་ཡིད་ལའང་མ་ཤར།

བརྩམས་སྒྲུང་《ཨོ་རྒྱན་གྱི་སོ》ཡི་ཕྱི་ཤོག།

        ངས་2010ལོའི་ཟླ4པར་ཉི་ཡོག་ནས་པདྨ་ཚེ་བརྟན་ཐེངས་དང་པོར་མཐོང་བ་ཡིན། དུས་དེར་ཁོང་དང་མིང་ལ་ཡོན་ཏན་རྒྱ་མཚོ་འབོད་པའི་འཁྲབ་འཁྲིད་པ་གཉིས་ཁོ་ལོམ་པི་ཡ་སློབ་ཆེན་དུ་བགྲོ་གླེང་ཚོགས་འདུར་ཞུགས། གློག་བརྙན་ཞིབ་འཇུག་པ་དགེ་རྒན་ཆེན་མོ་པའོ་ཝེ་ཧུང་(包卫红)གིས་ཚོགས་འདུའི་མགོ་འཛིན་གནང་ཞིང་། ཐོག་མར་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》བསྟན། དེའི་ཡར་སྔོན་ངས2002ལོའི་སྐར་མ30ཅན་གྱི་བརྙན་ཐུང་ལ་བལྟས་པ་དང་། སྐར་མ102ཅན་གྱི་བརྙན་རིང་དེ་2005ལོར་གཞི་ནས་བལྟས་གྲུབ་པ་ཡིན། རྣམ་པ་གྲུབ་ཚུལ་ལ་འགྱུར་བ་མེད་པར། སྔར་བཞིན་གྲྭ་པ་ཆུང་ཆུང་ཞིག་དགོན་པ་ནས་ཁྱིམ་དུ་ལོག་པའི་ཉིན་འགའི་འཚོ་བ་རེད། ཞིབ་ཕྲའི་རྣམ་པ་མང་པོ་ཞིག་ལ་བབ་ཆགས་ཀྱི་སྣང་བརྙན་ཁྲོད་འཇིག་རྟེན་འཚོ་བ་དང་ཆོས་ཀྱི་འཚོ་བ། དངོས་ཡོད་ཀྱི་འཇིག་རྟེན་དང་ལྷ་སྒྲུང་ངག་རྒྱུན། ས་གནས་རིག་གནས་དང་ཕྱིར་ཡོང་ཤེས་རིག་བར་གྱི་འགལ་འདུ་ཕྲན་བུ་རྣམས་མངོན་ཡོད། གྲྭ་ཆུང་གིས་བརྙན་འཕྲིན་ལ་བལྟ་བ་དང་སྤྲེའུ་གདོང་འབག་གྱོན་པའི་བརྙན་རིས་ཀྱིས་ལྟ་མཁན་རྣམས་ལ་རང་བྱུང་གི་བྱམས་བརྩེ་ལས་གྲུབ་པའི་བག་ཆགས་ཟབ་མོ་བཞག་ཡོད།

གློག་བརྙན་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གྱི་བརྡ་ཁྱབ།

    དེ་ཡང་《ཞིང་བྲན》(李俊,1963)དང་། 《རྐུན་ཇག》(田壮壮,1986)  《ཆུ་དམར་ལུང་》(冯小宁,1997)《ཡེ་ཤེས་སྒྲོལ་མ》(谢飞,2000)རྣམས་ནི་ལོ་རབས་མི་འདྲ་བར་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་བའི་བོད་ཀྱི་སྤྱི་ཚོགས་བརྗོད་བྱར་བཟུང་པའི་གློག་བརྙན་གཙོ་གྲས་ཡིན་མོད། པད་མ་ཚེ་བརྟན་ནི་བོད་རང་གི་རིག་གནས་བདག་ཏུ་འཛིན་མཁན་ནང་ཁུལ་གྱི་མིའི་ངོས་ནས་བསྡུས་གཟུགས་ཕྱིར་འགྲེམ་གནང་པའི་འཁྲབ་འཁྲིད་པ་ཆེས་ཐོག་མ་ཡིན་པས། འཁྲབ་འཁྲིད་པའི་སྡོད་ཕྱོགས་འགྱུར་ལྡོག་གི་རྒྱུ་རྐྱེན་གྱིས། ཁོའི་གློག་བརྙན་རྣམས་ལ་སྔོན་གྱི་གློག་བརྙན་དང་མི་འདྲ་བའི་གདོད་མའི་ཁྱད་ཆོས་དང་མིའི་རིགས་རིག་པའི་ཁྱད་ཆོས་ལྡན་ཡོད་ལ། ཁོང་ཉིད་གློག་བརྙན་རྩོམ་མཁན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་བྱུང་ཡོད།

    2010ལོའི་གྲོས་ཚོགས་དེར་བོད་ཀྱི་ཕྱི་འགྲིམ་སློབ་མ་ཞིག་གིས་དབྱིན་སྐད་ཀྱི་ལོ་ཙཱ་བྱས། སློབ་མ་དེ་ཕལ་ཆེར་ལྷ་ས་ཕྱོགས་ནས་ཡིན་པ་འདྲ། ཡོན་ཏན་རྒྱ་མཚོའི་བཤད་པའི་ཨ་མདོའི་ཁ་སྐད་གོ་ཡི་མི་འདུག་པས། པདྨ་ཚེ་བརྟན་གྱིས་ཁོ་གཉིས་བར་ལ་འགྲེལ་བཤད་བྱས། སྐབས་དེར་ངས་གཟོད་ནས་ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་མི་ཡིན་པ་ཤེས། ལར་བོད་རིགས་ལ་ཆ་རྒྱུས་མེད་པའི་མིས་བོད་ཁུལ་སོ་སོའི་ཁ་སྐད་ལ་ཁྱད་པར་གསལ་པོར་འབྱེད་མི་ཐུབ། དབུས་གཙང་ཕྱོགས་ཀྱི་བོད་རྣམས་ཞིང་ལས་སོ་ནམ་གཙོ་བོར་གཉེར་བའི་ས་ཁུལ་ཡིན་ལ། ཆོས་ལུགས་དད་ཞེན་མཐུག་པོ་ཡོད་པས་“ཆོས་ཀྱི་ཆོལ་ཁ”ཞེས་འབོད། ཁམས་པའི་ས་ཁུལ་ནི་འཕྲེད་རྒྱུག་རི་རྒྱུད་དུ་གནས་ཤིང་། གོམས་གཤིས་དཔའ་སྟོབས་དང་མི་སྣ་མཛེས་སྡུག་ལྡན་པས་“མིའི་ཆོལ་ཁ”ཞེས་འབོད། ཨ་མདོ་གཙོ་བོ་མཚོ་སྔོན་སོགས་བོད་རིགས་འདུས་སྡོད་ཁུལ་དང་། རྨ་ཙོང་གཙང་པོའི་ལུང་ཤུར་ཁུལ་རྣམས། ཕྱུགས་ལས་དང་རྨོ་འདེབས་མཉམ་གཉེར་བྱེད་པས་“རྟའི་ཆོས་ཁ”ཞེས་འབོད་བཞིན་ཡོད།


སྐད་ཆ་རྙིང་པ་ཞིག་ལ“གནམ་འོག་རྨ་ཆུ་ཁྲི་ཀར་དྭངས”ཟེར། འདི་ནི་རྨ་ཆུ་དང་། འབྲི་ཆུ་དང་། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་མོད། ཕྱི་ནས་བལྟས་ན་གསལ་བོར་མེད། ས་གནས་དེའི་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བ་ནི་སྟབས་བདེ་དང་སྤྱི་རྣམ་གཉིས་ཀྱིས་མཚོན་ཐུབ། པདྨ་ཚེ་བརྟན་ཕ་ཡུལ་ནས་ཆས་ཏེ། མཐོང་ཚོར་གྱི་སྐད་བརྡ་ཐུན་མོང་བའི་ངོས་ནས། ཨ་མདོ་ནི་ཡུལ་སྲོལ་ཐུན་མིན་ཡོད་པའི་གནས་ཙམ་ལས་འགོངས་ཏེ། ཐོགས་རེག་ཚོར་སྣང་ཐོབ་པའི་ཡུལ་ཁམས་སུ་ཐད་ཀར་བསྟན་ཡོད། 2014ལོའི་ཟླ8པར་ང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བྱ་འགུལ་ཞིག་ལ་ཞུགས་རྗེས། པད་མ་ཚེ་བརྟན་གྱིས་རླངས་འཁོར་བསྐོར་ནས་ང་གྲོང་ཁྱེར་བྱང་གི་བོད་ལུགས་གསོ་རིག་རིག་གནས་དངོས་མང་བཤམས་སྟོན་ཁང་ལ་ལྟ་སྐོར་ཁྲིད། ལམ་བར་ནས་ཁོང་གི་ཕ་ཡུལ་སྐོར་ལ་ཁ་བརྡ་བྱས། ཁོང་གིས་དངོས་མང་བཤམས་སྟོན་ཁང་ལ་བལྟ་རྒྱུ་བཟང་མོད། ཉིན་རྒྱུན་འཚོ་བ་དང་བར་ཐག་ཅུང་ཙམ་ཡོད་པས། དུས་ཚོད་ཅིག་བཙལ་ནས་ང་དང་མཉམ་དུ་གྲོང་གསེབ་ནས་རེ་ཞིག་འདུག་རྒྱུ་ཡིན་ཟེར། དེ་ནི་ཁོང་གི་མ་ལག་གནས་ས་རེད། ཁོང་དང་ཐུག་འཕྲད་མྱོང་པའི་མི་ཚང་མས་ཤེས་གསལ་ལྟར། ཁོང་ཉིད་མ་གཞི་སྙན་གྲགས་ཆེན་པོ་ཡིན་མོད། ནམ་རྒྱུན་ཞི་འཇམ་དང་། དམན་པ། ལྷག་བསམ་ཟོལ་མེད་བཅས་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཡོད། དེ་ནི་ཙོང་ཆུའི་ས་ཆེན་དང་། བོད་ཀྱི་སྲོལ་རྒྱུན། སྐྱེས་ཐོབ་ཀྱི་བསོད་ནམས་བཅས་ཀྱིས་གནང་པ་རེད་ལ། དེ་བཞིན་དུ་ཁོང་གི་བརྩམས་ཆོས་རྣམས་ཀྱང་རྣམ་པ་ཕལ་བའི་སྟེང་ནས་དོན་སྙིང་ཟབ་མོ་ལྡན་པའོ།།

ལམ་ཁྲིད་པ།

    2004ལོའི་གློག་བརྙན《རྩྭ་ཐང་》ནས་བཟུང་། འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱིས་གཞི་རྩའི་ཐོག་ནས་རང་ཉིད་ཐུན་མོང་མིན་པའི་མཛེས་རིག་གི་ཁྱད་ཆོས་དང་དོན་བརྗོད་རྣམ་འགྱུར་བཞེངས་སྐྲུན་བྱས་ཡོད། མཐའ་ཡས་པའི་རྩྭ་ཐང་དུ། དར་ལྕོག་རླུང་གིས་སྐྱོད། གནག་ཅིང་རྔམ་པའི་མདངས་སུ། བཟོད་བསྲན་ཁོང་དུ་སྦས། དལ་ཞིང་འཁོབ་པའི་རྣམ་འགྱུར་ལས། ལོ་ཟླའི་ཆུ་རྒྱུན་རིང་དུ་བཞུར་བ་ཚོར། ད་དུང་བོད་རིགས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་ལམ་དང་ཞི་འཇམ་སྙིང་རྗེ་དག་ལས། མི་རྣམས་རང་དབང་མེད་པར་བསམ་བློ་གཏོང་དུ་འཇུག་པ་དང་། རྙོག་འཛིངས་ཀྱི་བྱ་དངོས་དང་སྐད་ཆའི་འགལ་འདུ་མེད་པར། བབ་ཆགས་པའི་མི་སྣ་དང་། སྤྱིར་བཏང་གི་འཚོ་བ། ལྷིང་འཇགས་ཀྱི་རྣམ་པ་བཅས་མངོན་ཏེ། རྩྭ་ཐང་གི་སྐད་ཆའི་ལམ་ནས་འབྲོག་པའི་རིག་གནས་མངོན་ཡོད། པདྨ་ཚེ་བརྟན་གྱིས་བརྗོད་བྱ་གཙོ་བོའི་གཏམ་རྒྱུད་ནས་འདུ་ཤེས་ཀྱི་རྣམ་འགྱུར་དུ་འཕོ་བ་དང་། “གཞན་གྱིས་བཤད་པ”ནས“རང་གིས་གླེང་བའི”བར་འཕོ་འགྱུར་གཏོང་ཐུབ་ཡོད་པས། ཁོང་ལ“བོད་སྐད་གློག་བརྙན་རླབས་རྒྱུན་གསར་པའི”སྲོལ་འབྱེད་མཁན་དུ་འབོད་བཞིན་ཡོད།
    “བོད་སྐད་གློག་བརྙན་གྱི་རླབས་རྒྱུན་གསར་པ”ཞེས་པ་ཁེར་རྐྱང་གི་སྣང་ཚུལ་ཙམ་མིན་ཏེ། དུས་རབས་གསར་པ་རྗེས་ཀྱི་གྲངས་ཉུང་མི་རིགས་ཀྱི“རིག་གནས་གསར་པ”ཞེས་པའི་གློག་བརྙན་ཁྲོད་དུ། རིག་གནས་ཀྱི་སྣ་མང་རང་བཞིན་དང་དངོས་མིན་རིག་གནས་ཤུལ་བཞག་གི་སྐད་ཆའི་རིགས་མང་པོ་དར་ཞིང་། རིགས་སོ་སོའི་གྲངས་ཉུང་མི་རིགས་བརྗོད་གཞིར་བཟུང་བའི་ཕ་སྐད་གློག་བརྙན་མང་པོ་བྱུང་། དོན་སྙིང་ག་གེ་མོའི་སྟེང་ནས་བཤད་ན། འདི་ནི་རིག་གནས་རང་རྟོགས་ཀྱི་མངོན་ཚུལ་ཞིག་ཡིན། 2011ལོར་ང་པེ་ཅིང་ལ་ལོག་དུས། སྐབས་དང་པོའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་ཁེལ་ཞིང་། དེའི་ནང་གི་ལེན་ཚན་གཅིག“མི་རིགས་གློག་བརྙན་གཟའ་འཁོར་”གླེང་སྟེགས་རེད། གླེང་སྟེགས་དེའི་སྟེང་གི་གཏམ་བཤད་གྲ་སྒྲིག་གི་ཆེད་དུ། ངས་གྲངས་ཉུང་མི་རིགས་དང་འབྲེལ་ཡོད་ཀྱི་གློག་བརྙན་གང་རྙེད་ལ་བལྟས་པ་ཡིན། དེའི་ནང་པདྨ་ཚེ་བརྟན་གྱི《དྲི་མེད་ཀུན་ལྡན་འཚོལ་བ》 (2009)དང་། 《ཁྱི་རྒན》 (2011)གཉིས་ཡོད་ཅིང་། འདི་གཉིས་པོས་སྔོན་གྱི་རྣམ་པ་རྒྱུན་བསྲིངས་བྱས་མོད། ནང་གནས་ཀྱི་ཚོར་འདུས་མགོ་འཐོམ་དང་། སོམ་ཉི། འཁོན་འཛིན་བཅས་ཀྱི་རྣམ་པ་བསྐྲུན་ཏེ། ཤུལ་བཞག་རིག་གནས་འཛིན་སྐྱོང་དང་། འཚོ་ཐབས་བརྩོན་ལེན་གྱི་བསམ་འདུན་མངོན་པ་དང་། རང་གི་རིན་ཐང་སྲུང་སྐྱོབ་བཅས་ཀྱིས། བོད་ཀྱི་ཟློས་གར་རམ་བོད་ཀྱི་ཁྱི་རྒན་བརྗོད་བྱར་བཟུང་པ་དག་བོད་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རིམ་ཁྲོད་ཀྱི་འགྱུར་ལྡོག་གི་མཚོན་བྱེད་དུ་གྱུར་ཡོད།
    གལ་ཏེ་སེ་ཡ་པེར་ལིན(赛亚·柏林 )གྱིས་གསར་གཏོད་བྱས་པའི“ཝ་མོ”དང“རྒང་”གི་ངོས་ནས་བཤད་ན། པདྨ་ཚེ་བརྟན་ནི་བརྩེ་བ་སྲ་ཞིང་དུངས་བ་བརྟན་པའི་རྒང་དེ་རེད་ལ། ཐོག་མཐའ་བར་གསུམ་དུ་མིག་རྒྱང་དང་བསམ་འདུན་དེ་རིགས་ཚོགས་དང་ས་གནས་ཀྱི་འགྱུར་ལྡོག་ལ་ཕྱོགས་ཡོད། ཁོང་གིས་དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་གསར་པ་དང་ཧྥ་རན་སིའི“གློག་བརྙན་ངོ་མ”ཞེས་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད་པ་མ་ཟད། དེ་དག་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་བཀོལ་ཞིང་། རྒྱུན་དུ་བརྙན་རིས་རིང་པོ་དང་། བར་དང་རྒྱང་གི་ཡུལ་ལྗོངས་སོགས་ཀྱི་བྱེད་ཐབས་འབོར་ཆེན་བཀོལ་ནས། མཐོང་གཟུགས་གཙོ་བོ་འབུར་ཐོན་དུ་བཞེངས་ཡོད།
    གཟུགས་མེད་ཤུལ་བཞག་འགྲེམ་སྟོན་གཙོ་བོར་བྱས་པའི《གཡང་མདའ》(2014 )དང་། དེའི་རྗེས་ཀྱི་《ཐར་ལོ》 (2015 )ནས་བཟུང་། པདྨ་ཚེ་བརྟན་གློག་བརྙན་གྱི་ནང་གནས་བརྡ་སྤྲོད་ལ་འགྱུར་ལྡོག་ཕྲན་བུ་བྱུང་སྟེ། ཕྱིའི་བྱ་དངོས་ཧ་ཅང་སྟབས་བདེ་བའི་རིང་ལུགས་ལྟར་སྐྱ་མདོག་ཏུ་བསྐྲུན་པ་དང་། ནང་གི་ཡིད་ཁམས་ཟབ་ཅིང་བརླིང་པའི་གནས་སུ་བཞེངས་ཡོད། 2018 ལོར། ཁོ་རང་ཉིད་ཀྱི་བརྩམས་སྒྲུང་ཐུང་ངུ་དང་ཚེ་རིང་ནོར་བུའི་བརྩམས་སྒྲུང་གཉིས་མཉམ་སྦྲེལ་གྱིས《ལག་དམར》གློག་བརྙན་ཕབ་པ་དང་། སྔར་བཞིན་རྨི་ལམ་དང་དོན་དངོས། འཁོར་བ་དང་ཚུལ་མིན། སྦྱིན་པ་དང་མྱང་འདས་བཅས་བརྗོད་བྱ་གཙོ་བོར་བཟུང་མོད། ཁོང་ལ་ཁྱད་གཤིས་དང་རང་ཉིད་འགྲེལ་བརྗོད་བྱེད་པའི་ནུས་པ་ཆེན་པོ་ལྡན་སྟབས། དེ་དག་གིས་ཤུགས་རྐྱེན་གཞན་པ་བཟོ་ཐུབ་མེད། 2020ལོའི་སྟོན་ཁར་གློག་བརྙན་《དབུགས་ལྒང་》སྤྱི་སྟོན་བྱེད་པའི་སྔོན་དུ། པེ་ཅིང་ནས་རྒྱ་མི་ཆེ་བ་ཙམ་གྱི་འགྲེམ་ཚོགས་བཀོད་སྒྲིག་བྱས། བག་ཆགས་ཆེས་ཟབ་མོ་ཞིག་ལ་སྐབས་དེའི་ལས་རོགས་ལེགས་སྐྱེས་སུ་ནས་ཆུང་དམ་བུ་ཆུང་ཆུང་ཞིག་གནང་བ་དང་། ནས་ཆུང་དེར་རོ་བྲོ་ཁྱད་མཚར་བ་ཞིག་མཆིས་ལ། ངས་གློག་བརྙན་ལྟ་ཞོར་འཐུང་ཚར་བར་བྱས། 《དབུགས་ལྒང་》ནི་དད་མོས་དང་དོན་དངོས་འབྲེལ་ནས་ཡོད་མོད། བརྗེད་མི་ཐུབ་པའི་བག་ཆགས་འཇོག་བྱེད་དེ་ཕོ་མོའི་འབྲེལ་བའི་སྐོར་ཡིན་ངེས་ཏེ། བརྙན་དེའི་སྐྱེས་པ་ཚང་མས་བུད་མེད་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་མེད། ངོས་དེ་ནས་པདྨ་ཚེ་བརྟན་གྱི་དངོས་ཡོད་ཚོར་སྣང་ཇེ་ཟབ་ཏུ་འགྲོ་བཞིན་པ་མཐོང་ཐུབ།

གློག་བརྙན《དབུགས་ལྒང་》གི་བརྡ་ཁྱབ།

    ཡིན་ནའང་། པདྨ་ཚེ་བརྟན་ལམ་ཁྲིད་པ་ཞིག་ཏུ་འགྱུར་ཐུབ་པའི་རྒྱུ་མཚན་ནི། འཁྲབ་གཞུང་རྩོམ་མཁན་དང་འཁྲབ་འཁྲིད་པའི་ངོས་ནས་བརྩམས་ཆོས་གསར་བསྐྲུན་གནང་པ་ཙམ་མ་ཟད། ཁོང་གི་སྣེ་ཁྲིད་འོག་བོད་མི་གློག་བརྙན་པ་ཁག་ཅིག་གསར་དུ་འཚར་ལོངས་བྱུང་པས་རེད། ཁོང་དང་མཉམ་དུ་ལོ་མང་རིང་མཉམ་ལས་བྱས་པའི་ཟོན་ཐར་རྒྱལ་གྱི《དབུས་ལམ་གྱི་ཉི་མ》 (2011)དང་། 《ང་ཡི་ཆང་གསོལ་རོགས》 (2018)སོགས་བརྩམས་ཆོས་མང་པོ་འཁྲབ་ཁྲིད་བྱས་པ་དང་།  ལྷ་དཔལ་རྒྱལ་གྱིས་ཀྱང་《ཆུ་ལྷམ་ཆུང་ཆུང་》 (2017) ཕབ་བསྐྲུན་བྱས། གཞན་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་བའི་འགན་འཁུར་བའི་གློག་བརྙན་གསར་པ་ཁག་ཅིག་བྱུང་ཡོད་དེ། དཔེར་ན་བཀྲ་ཤིས་ཆོས་འཕེལ་གྱི་《གངས་ལྷ་མེ་ཏོག》(2017)དང་། མཁར་བྱམས་རྒྱལ་གྱི《མེ་ཏོག་དཀར་པོ》 (2020)འཇིགས་མེད་འཕྲིན་ལས་ཀྱི《གཅིག་དང་བཞི》 (2021)བཅས་ནི་ཉེ་རབས་གློག་བརྙན་ཁྲོད་“མཚོ་སྔོན་གྱི་སྣང་ཚུལ”ཞིག་ཏུ་གྱུར་ཡོད། དེ་བཞིན་2021ལོར་ཧྲེན་ཀྲེན་དུ་གཉེར་བའི་པར་བརྙན་འགྲེམས་སྟོན“བོད་ཡུལ་བརྙན་རིས་མཚམས་མི་ཆད་པར་འཚར་ལོངས་འབྱུང་”ལས་མངོན་ཡོད། ཉེ་བའི་ལོ་ཉི་ཤུའི་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་དང་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཁྲོད། རིམ་བཞིན་སྒྱུ་རྩལ་དང་དབྱེ་འབྱེད་ཚད་མཐོན་པོར་སླེབས་ཏེ། བོད་རིགས་མང་ཚོགས་ཀྱི་འཚོ་བ་དངོས་ལ་བཅར་ནས་འཚོ་བ་ཞིབ་འབྲི་བྱེད་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཁག་ཅིག་ཐོན་ཡོད།

གློག་བརྙན《ལག་དམར》གྱི་བརྡ་ཁྱབ།

རྩོམ་པ་པོ།

    གློག་བརྙན་བྱ་གཞག་ཐད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོས། པདྨ་ཚེ་བརྟན་གྱི་ལོ་ཙཱ་དང་སྙན་ངག །སྒྲུང་གཏམ་གསར་རྩོམ་བཅས་ཀྱི་འོད་སྣང་ཆ་ཤས་བཀབ་པ་འདྲ་སྟེ། ངས་བལྟས་ན། ཁོང་ཉིད་མ་གཞི་ནས་རྩོམ་པ་པོ་ཞིག་རེད་ལ། རྩོམ་རིག་དང་གློག་བརྙན་ཟུང་གི་འཇིག་རྟེན་དུ་ཞབས་རྗེས་འགོད་མཁན་དང་། ལྷག་པར་དེ་གཉིས་ཕན་ཚུན་གཞོགས་འདེགས་ཚུལ་གྱིས་གྲུབ་འབྲས་རྙེད་ཡོད་མཁན་ཞིག་རེད། ཁོའི་རྩོམ་རིག་གསར་རྩོམ་ནི་ཕ་སྐད་དམངས་ཁྲོད་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལས་བྱུང་ཡོད། དཔེ་དེབ《མི་རོ་རྩེ་སྒྲུང་》ཞེས་པའི་བོད་རིགས་དམངས་ཁྲོད་ཀྱི་གཏམ་རྒྱུད་ཅིག་ཡིག་སྒྱུར་གྱི་ལོ་ཙཱ་གནང་པ་དང་། ཁོང་གི་སྒྲུང་ཐུང་ཕྱོགས་བསྒྲིགས《ཨོ་རྒྱན་གྱི་སོ》ཞེས་པ་གལ་ཏེ་པར་སྐྲུན་དུས་ཚོད་སྔ་དྲགས་མེད་ན། 2020ལོའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ་ཤས་ཆེའོ།།

བརྩམས་སྒྲུང་《ཨོ་རྒྱན་གྱི་སོ》ཡི་ཕྱི་ཤོག

        སྙན་ངག་མི་གླེང་། སྒྲུང་གཏམ་གྱི་ངོས་ནས་པདྨ་ཚེ་བརྟན་གྱི་བརྩམས་ཆོས་གླེང་ན་སྟབས་བདེ་བོ་ཡིན། དེང་རབས་རྩོམ་རིག་གི་རིགས་འདི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་མེད་ན་ཡང་། ཉེ་རབས་ནས་བཟུང་རྩོམ་རིག་སློབ་གསོ་དང་དགག་སྒྲུབ་ཀྱི་སྐོར་རྣམས“སྒྲུང་གཏམ”བརྒྱུད་ནས་ད་ལྟའི་བོད་ཀྱི་རྩོམ་རིག་ཁྲོད་སྤོ་འཛུགས་བྱས་ཟིན་མོད། རིག་གནས་གསོག་འཇོག་གི་བསམ་བཞིན་མ་ཡིན་པའི་ཐུན་མོང་ཤུགས་རྐྱེན་འོག་ཏུ། རང་གི་སྲོལ་རྒྱུན་སྔར་བཞིན་གསལ་ལ་མི་གསལ་བའི་སྒོ་ནས་པདྨ་ཚེ་བརྟན་གྱི་བརྩམས་ཆོས་སུ་མངོན་ཡོད། དཔེར་ན《འཆི་བའི་ཁ་དོག》དང་《ཀླད་པ་ནང་གི་མི་གཉིས》ཁྲོད“བརྩེ་དུང་”འགྲེལ་བརྗོད་བྱས་ཡོད་ཅིང་། གནས་ཚུལ་འགལ་འདུ་དང་རང་བཞིན་ཞིབ་འབྲི་བྱས་ཡོད། དེ་ནི་ཆི་ཁོ་ཧྥུ་(契诃夫)དང་། ཅེ་ཁེ་ལིན་ཏུན།(杰克·伦敦) ཨོའུ་ཧེང་ལི་(欧·亨利)བཅས་སྒྲུང་ཐུང་མཁས་དབང་རྣམས་དང་དབྱེ་མཚམས་གསལ་པོ་ཕྱེས་ཡོད། དུས་མཚུངས་སུ་ཁོང་གིས་འཆར་ཡན་སྙན་ངག་གི་རང་བཞིན་རྩལ་འདོན་བྱས་པ་མིན་པར། དམངས་ཁྲོད་གཏམ་རྒྱུད་ཀྱི་བབ་ཆགས་དང་ལྷད་མེད་ཀྱི་ཆ་རྣམས་རྒྱུན་སྐྱོང་བྱས་ཡོད། དུས་དེ་ནས་བརྩེ་དུང་དང་འཆི་བའི་རྩོད་སྒྲུབ་དེ་སྤྲོ་སེམས་མཐོན་པོ་ཞིག་གིས་ཕྱིར་རྒྱུན་ལྡན་གྱི་ཚོར་བ་རུ་རོལ་མྱོང་ཐུབ་པར་བྱས།

ལར་བོན་དང་བན་གྱི་རིག་གཞུང་བསམ་བློ་རྣམས་རྩོམ་ཡིག་ཏུ་ཐད་ཀར་མངོན་མེད་ནའང་། དེ་དག་རིག་གནས་ཀྱི་དྲན་པ་དང་བསམ་བློའི་སྒྲོམ་གཞི་རུ་མི་གསལ་བའི་ཚུལ་དུ་ཐོན་ཡོད་ལ། འདིས་པདྨ་ཚེ་བརྟན་གྱི་སྒྲུང་གཏམ་དེ་ཟབ་ཅིང་ཚང་བའི་སྒྲིག་གཞི་དང་རྒྱུ་འབྲས་འབྲེལ་ཐག་ལས་ལོགས་སུ་གྱེས་ཏེ། རྟོགས་དཀའ་བའི་གབ་ཚིག་དང་ཡ་མཚར་གསང་བའི་ཁམས་ཤིག་ཏུ་སླེབས་ཡོད། སྐབས་དུ་མར་གཏམ་རྒྱུད་ལ“མཇུག་འབྲས”མེད་ཅིང་། གཏམ་རྒྱུད་བྱུང་རིམ“མཚམས་འཇོག”བྱས་ཡོད། སྐབས་ལར་མུ་མཐའ་མེད་པ་དང་། མཐའ་ཡས་པ། གཏིང་ཟབ་པའི་འཚོ་བ་དང་ལས་དབང་ཁྲོད་མིག་རྡེབ་ཡུན་ཙམ་གྱི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད། དེ་དག་གཏམ་གྱིས་བརྗོད་རུང་ཞིང་སྟབས་བདེ་བའི་གནས་སོ།།《ཕྱི་དྲོ》ནང་གི་ཉིན་མོ་དེར་སྐས་ལ་འཛེགས་བཞིན་དགའ་རོགས་དང་དུས་ཆད་བགོས་པའི་ན་ཆུང་ཨ་འབུམ་གྱིས་མི་ལ་གད་མོ་སློང་སྲིད། སྤྲོ་སྣང་རང་བཞིན་གྱི་གར་ཆུང་འདིར་ནང་དོན་གཞན་མི་འདུག་པར། སེམས་ཚོར་གང་ཞིག་འགྲེལ་བརྗོད་བྱས་པ་རེད། ཁོའི་ངོས་ནས། འཇིག་རྟེན་དང་འཚོ་བར་འགྲེལ་བཤད་ཆ་ཚང་ཞིག་རྒྱག་རྩིས་བྱས་ནའང་། ཁོས་ལྷན་འཛོམས་དེའི“རྒྱུ་རྐྱེན”ལ་འགྲེལ་བཤད་བསྐྱོན་པ་ཁོ་ནའོ།།
    《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནང་། ཆང་རྒན་བློ་བཟང་རྨི་ལམ་དུ་བགྲེས་སོང་རྡོ་བརྐོས་འདས་པོ་ལ་འཕྲད་ཅིང་། ཁོར་ཨ་མའི་ཚབ་ཏུ་རྡོ་ལ་མ་ཎི་ཞིག་བརྐོར་བཅུག །མ་གཞི་ཆང་གི་བཟི་རྗེས་ཀྱི་འཕྲུལ་སྣང་ཙམ་ཡིན་ནམ། ཡང་ན་དོན་དངོས་ཀྱི་མྱོང་བ་ཞིག་ཡིན། གཅིག་བྱས་ན་དབྱེ་འབྱེད་གཏོང་ཐབས་དེ་རང་ལ་གནད་དོན་བྱུང་ཡོད་སྲིད། ད་དུང་བདེན་པ་དང་རྫུན་མ། འཕགས་པ་དང་ཕལ་བའི་རྣམ་པ་བཅས་ལ་གནད་དོན་དེ་མཆིས་ཤིང་། དེ་ནི་ཕལ་ཆེར་དངོས་པོའི་བྱེ་བྲག་པའི་ཉམས་མྱོང་སྟེང་དུ་བཞག་ན་དེ་བས་ཀྱང་བདེན་པ་རེད། དོན་སྙིང་འདིའི་སྟེང་ནས་བཤད་ན། འདི་ནི་ཤེས་རྟོགས་རྣམ་བཤད་ཀྱི་རྣམ་པ་གསར་པ་ཞིག་རེད་ལ། དོན་གྱི་བྱུང་རིམ་བརྗོད་པར་འདི་ནས་གོམ་གང་མདུན་སྤོས་བྱུང་ཡོད། སྤྲུལ་སྐུའི་རེ་བར་རྡོ་བརྐོ་བྱས་ན་སྙམ་ཚེ། བགྲེས་སོང་རྒན་པོ་ལུས་ཀྱིས་མི་ལྕོགས་པར་གྱུར། མཐའ་མར་བློ་བཟང་གིས་རྨི་ལམ་ལས་དགོན་པར་ཞལ་འདེབས་ཕུལ་དགོས་པའི་ཨ་མའི་ཞལ་ཆེམས་ཐོས་པ་མོད། ཏག་ཏག་མི་ཚང་མའི་རེ་འདུན་ལེགས་འགྲུབ་བྱུང་པ་རེད། དེ་ནི་རྒྱུ་རྐྱེན་ཞིག་དང་། དམིགས་ཡུལ་མེད་པའི“དམིགས་ཡུལ་མཐུན་པའི་རང་བཞིན”ཡིན་པ་ལས། ལས་འབྲས་ཙམ་མིན་ནོ།། དེ་ཡང་དོན་དངོས་ཀྱི་མཛེས་པ་ནི་གཏན་ཚིགས་དང་རིགས་འདེད་རྗེས་དཔག་གིས་དམིགས་ཡུལ་ལམ་མཐའ་འབྲས་བསྐྲུན་པ་ཙམ་མིན་པར། “དམིགས་ཡུལ་མེད་པར་སྨྲ་བའི”རང་དབང་ལས་བྱུང་པའོ།།
    《ཨོ་རྒྱན་གྱི་སོ》ནང་དུ་གལ་ཏེ་ལས་དབང་ཞིག་གིས་མིན་ན། “ངའི”སློབ་ཆུང་སློབ་གྲོགས་སྟེ། རྩིས་རིག་མི་བཟང་བའི་ཨོ་རྒྱན་ཐོབ་ཐང་འདྲ་མཉམ་ཡིན་པའི་བོད་རིགས་བུ་ཕྲུག་དཀྱུས་མ་ཞིག་ཡིན། ཨོ་རྒྱན་སྤྲུལ་སྐུ་རུ་ངོས་འཛིན་བྱས་རྗེས། “ང་ཆུང་དུས་ཨོ་རྒྱན་ཚང་གི་ཁང་སྟེང་དུ་གཡུགས་པའི་བྱིས་སོ་དེ་ཡང་དགོན་པའི་བླ་མས་བསྡུ་ཉར་བྱས་པ་མ་ཟད། ད་ལྟ་རྔམ་བརྗིད་ལྡན་པའི་མཆོད་རྟེན་འདིའི་ནང་ཨོ་རྒྱན་གྱི་སོ་བཅས་གཟུངས་གཞུག་བཞག་ནས། དད་ལྡན་པ་ཁྲི་སྟོང་གིས་མཇལ་ཕྱག་ཞུ་བཞིན་ཡོད”ཅེས་འཁོད། འདི་ལས་དད་པའི་གོ་དོན་འགྲེལ་བརྗོད་བྱས་ཡོད། 《རྒྱུས་མེད་མི》ནང་དུ་སྒྲོལ་མ་འཚོལ་བའི་རྒྱུས་མེད་ཀྱི་མི་དེས་གསུང་རབ་ཁྲོད་ཀྱི་སྒྲོལ་མ་ཉེར་གཅིག་གི་ཕ་ཡུལ་ལས། བརྒྱ་ལ་གཅིག་ཆགས་ཚུལ་གྱིས། སྒྲོལ་མ་ཉི་ཤུ་ཁྲིད་ནས་སོང་མོད། ཁོས་འཚོལ་དགོས་པའི་སྒྲོལ་མ་བཞུག་མ་དེ་རྙེད་མ་ཐུབ།  《སྐྱེས་པ་དགུ་པ》ནི《དཔེ་བརྒྱ་པ》དང་འདྲ་བའི་ཆ་འདུག་སྟེ། དེའི་ནང་དུ་སྤྱིར་བཏང་གི་གཏམ་རྒྱུད་བརྗོད་ཡོད། གཡང་མཚོ་མཐའ་མར་རབ་ཏུ་བྱུང་རྐྱེན་དེ་སྐྱེས་པ་དགུ་དང་འགྲོགས་ནས་འཇིག་རྟེན་གྱི་བྱ་བ་ཡོད་ཚད་ལས་གདམ་གསེས་བྱས་པ་ཞིག་དང་། བསམ་བཞིན་དུ་བཤད་མི་གཏུབ་པའི་མྱོང་ཚོར་ཁོ་ནར་གཏད་པ་ཞིག་རེད། པདྨ་ཚེ་བརྟན་གྱིས་ནམ་ཡང་ས་གནས་ཤིག་དང་། གྲངས་ཉུང་མི་རིགས་ཤིག་གི་གཏམ་རྒྱུད་དེ་མིའི་རིགས་ཡོངས་ཁྱབ་ཀྱི་གཏམ་རྒྱུད་དུ་སྦྱར་ཡོད། དེ་བས། ཁོང་གིས་ཡི་གེའི་གཏམ་རྒྱུད་དེ་ཀུན་དང་ཉེ་བའི་སྒྲ་གཟུགས་རང་བཞིན་གྱི་བརྙན་རིས་ལ་འཕེལ་འགྱུར་གནང་ལ། དེ་ནི་གཏན་ཚིགས་ལུགས་མཐུན་གྱི་འཕེལ་རིམ་ཞིག་ཀྱང་རེད།
    པདྨ་ཚེ་བརྟན་གྱི་གློག་བརྙན་དང་རྩོམ་རིག །བརྙན་གཟུགས་དང་ཡི་གེའི་མཚོན་ཐབས་གཉིས་ཀྱི་ཁྱད་པར་ལ་རྟོག་ཞིབ་བྱས་ན། 《ཐར་ལོ》དེ་དོན་སྙིང་ཅན་གྱི་དབྱེ་ཞིབ་བྱ་ཡུལ་དུ་དྲངས་ཆོག །འབྲོག་སྡེ་ནས་ལུག་འཚོ་བའི“ར་ལུ་ཅན”གྱི་མི་སྣ་དེས་ཐོབ་དཔང་གཉེར་སྐབས་བཏགས་མིང་དེ་ངེས་པར་ཐར་ལོ་བྱ་དགོས་པར་བརྗོད་པ་དང་། ཐར་ལོས་མངགས་གཏོང་ཁང་དུ་ཐོབ་དཔང་གཉེར་བར་འོངས་པ་དང་ཡུལ་ཚོ་དེའི་སྟེང་གི་སྐྲ་འཁྲུད་བདེ་སྐྱིད་དང་ཐུག་འཕྲད་བྱུང་པས། ཁོས་རང་ཉིད་བཞེངས་སྐྲུན་དང་ཀུན་སྤྱོད་འཚར་ལོངས་ལ་རོལ་མྱོང་བྱས་པའང་རེད། ཀུན་སྤྱོད་ཀྱིས་བསྐྲུན་པའི་གཏམ་རྒྱུད་དེའི་ཁྲོད་ཀྱི་ཐར་ལོ་ནི། སེམས་ནང་དུ་རིན་ཐང་ལྟ་བས་མགོ་འཐོམ་པར་བྱས་ཡོད་ལ། དེ་ནི་བོད་མི་གྲོང་ཁྱེར་དུ་ཞུགས་པའི་ནང་སེམས་ཀྱི་འགལ་འདུ་མཚོན་པ་ཞིག་གོ །སྒྲུང་གཏམ《ཐར་ལོ》མ་ཡིག་ཏུ་སྔོན་ནས་གཏན་འཁེལ་བྱས་པའི་འཆར་ཚུལ་ལས་གཞན། རང་ཉིད་འགྲེལ་བརྗོད་ཀྱི་ཆ་འབུར་དུ་ཐོན་ཡོད། དོན་དེའི་སྟེང་ནས་འཛམ་གླིང་རང་སྟེང་གི་ལྐོག་གྱུར་རང་བཞིན་དང་བླ་མེད་རང་བཞིན་སླར་གསོ་བྱས་ཏེ། ཡི་གེ་རྐྱང་པའི་ལག་ཆ་ལས་བརྒལ་ཏེ། རབ་རིབ་དང་། ལྐོག་གྱུར། མཚར་ཉམས། སྨྲ་བརྗོད་ལས་འདས་པ་བཅས་ཀྱི་འཇིག་རྟེན་བཞེངས་སྐྲུན་བྱས་ཤིང་། སྒྲུང་གཏམ་གྱིས་མཚོན་དཀའ་བའི་གནས་རྣམས་ཁ་གསབ་ཏུ་འབྱོར་ཡོད། གློག་བརྙན《ཐར་ལོ》སྐྱ་མདོག་ཏུ་ཕབ་བསྐྲུན་བྱས་པས་སྣང་ཚུལ་ལྕི་མོ་ཞིག་བཞེངས་སྐྲུན་བྱས་ཡོད་པ་དང་། བརྙན་མིག་རིང་པོ་རེ་རེའི་ཇུས་འགོད་ཧ་ཅང་ཞིབ་ཚགས་བྱས་འདུག ཞིབ་ཚགས་ཆེ་བའི་རྐྱེན་གྱིས། སྒྲུང་གཏམ་ལ་ཉག་ཉོག་གི་ཆ་མང་ཞིང་། རབ་རིབ་དང་རྒྱུ་འབྲས་ཀྱི་ཆ་རྣམས་སྦྲེལ་མཐུད་དུ་གླེང་པས། རྣམ་རིག་དེ་ཙམ་མི་འདུག་ལ། དེར་བལྟས་གློག་བརྙན་གང་ཉིད་ལས་མཛེས་རིག་གི་ཆ་འཕྲིན་མང་པོར་མཐོང་ཐུབ་བོ། །



བརྩམས་སྒྲུང་《ཐར་ལོ》ཡི་ཕྱི་ཤོག

        གློག་བརྙན་ནམ་ཡང་ན་རྩོམ་རིག་གང་ཡིན་རུང་། པདྨ་ཚེ་བརྟན་གྱིས་དེ་དག་རྒྱུན་འཛིན་དང་། དར་སྤེལ། གསར་སྐྲུན་བཅས་གནང་ལ། དེ་དག་ཚང་མ་ཨང་རྟགས་ཤིག་ཏུ་ངོས་འཛིན་ཆོག་ལ། ཨང་རྟགས་ཀྱི་སྔོན་ལ་སྐད་ཆ་བཤད་པའི་མི་དང་། ཨང་རྟགས་ཀྱི་མཇུག་ཏུ་སྐད་ཆའི་ནང་དོན་འདུས་ཡོད། འདི་ནི་བོད་མི་ཞིག་གིས་བོད་ཀྱི་གཏམ་རྒྱུད་བཤད་པ་རེད་ལ། “རྒྱན་ཚིག”གི་གཡོ་འོག་ལས་འདས་ཤིང་། “མིང་ཚིག”གི་མཁྲེགས་གཟུགས་ལས་བརྒལ་ཏེ། སྔོན་གྱི་བསམ་བློ་འཆར་ཚུལ་ལས་གཞན། ཐད་ཀར་བོད་མི་ཞིག་གིས་རང་ཉིད་འགྲེལ་བརྗོད་བྱས་པའམ། ཡང་ན་བོད་རིགས་དང་བོད་ཀྱི་རིག་གནས་དེ་བློ་རྒྱ་མཁའ་ལས་ཡངས་ཤིང་ཐོག་མཐའ་བར་གསུམ་དུ་འགུལ་སྐྱོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་བཅུག་པས། ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་གཏམ་རྒྱུད་ཁྲོད་རྫོགས་མཐའ་བྲལ་བའི་སྐྱེ་ལྡན་གྱི་གྲུབ་ཆ་གལ་ཆེན་དུ་བསྐྲུན་གནང་མཛད་ཡོད་དོ།།