ཁྲིམས་སྐྱོང་ལ་བརྟེན་ནས་གངས་ལྗོངས་ས་མཐོ་སྲུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-19   རྩོམ་ཁུངས།    青海藏文报

མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་འབྲེལ། ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་ཀྱི་ཡོད་པ་རེད། བཅའ་ཁྲིམས་འདི་བཟོ་བའི་དོན་སྙིང་ཅི་ཞིག་ཡིན་ནམ། བཅའ་ཁྲིམས་ཀྱི་གཏན་འབེབས་དེར་བཀྲག་མདངས་འཚེར་ས་གང་དག་ཡོད་དམ། དོན་འཁྱོལ་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ་ཞེ་ན།

སྐྱེ་ཁམས་སྲུང་སྐྱོང་ས་ཁོངས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་བཙན་ཐབས་འཆུན་འདོམས་སུ་བརྩིས་པ།

མཚོ་བོད་ས་མཐོ་སྲུང་སྐྱོང་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། མཚོ་བོད་ས་མཐོར་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ས་ཁུལ་ཁག་གཅིག་ཚུད་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་258ཟིན་པ། ས་ཁུལ་མང་ཆེ་བའི་ས་བབ་མཐོ་ཚད་སྨི་4000ཡན་ཟིནཡོད། འདི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད།

“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས། དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་སྲུང་སྐྱོང་ལ་ལེགས་སྐྱེས་གལ་ཆེན་འབུལ་བ་ཞིག་རེད”ཅེས་ཝུའུ་ཧན་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁྲེན་ཧའེ་སུང་གིས་བརྗོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བཅའ་ཁྲིམས་ལས་དོན་ཨུ་ལྷན་སྲིད་འཛིན་བཅའ་ཁྲིམས་ཁང་གི་ཀྲུའུ་རེན་ཡོན་ཅེ་ཡིས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་དོན་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དམིགས་བསལ་གནད་དོན་ཐག་གཅོད་དང་མཚོ་བོད་ས་མཐོའི་མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ་སྐོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཡིན་པས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་རྩ་བ་བརྟན་ཚུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་ཐོན་ཐུབ་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཀྱི་ཞི་མཐུན་མཉམ་གནས་མངོན་འགྱུར་ཡོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།

སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་དང་གངས་རི་འཁྱག་རོམ་འཁྱག་ས་སོགས་ཀྱི་སྲུང་སྐྱོང་མངོན་གསལ་དོད་སར་བཞག་པ།

མཚོ་བོད་ས་མཐོར་དམིགས་བསལ་གྱི་མཐོ་གྲང་སྐྱེ་ཁམས་མ་ལག་དང་སྲོག་ཆགས་རྩི་ཤིང་གི་རིགས་ཡོད་པས་དེ་ནི་གོ་ལ་ཧྲིལ་པོའི་དོན་སྙིང་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གླེང་མང་བའི་ཁུལ་ཞིག་རེད།

མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་ཡོན་ཅེ་ཡིས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སུ་རྩ་ཆེ་ལ་སྟོངས་ཉེར་ཡོད་པའམ་ཡང་ན་དམིགས་བསལ་གྱི་རི་སྐྱེས་སྲོག་ཆགས་རྩི་ཤིང་གི་རང་བྱུང་གཅིག་སྡུད་ཁུལ་དང་འཚོ་གནས་ཁུལ་གལ་ཆེན་སོགས་ས་ཁོངས་སུ་ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ། རང་བྱུང་སྤྱི་གླིང་སོཌ་རང་བྱུང་སྲུང་སྐྱོང་བྱ་ཡུལ་བཙུགས་ནས་རང་བྱུང་སྲུང་སྐྱོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་གྱི་སྔར་ཡོད་རྣམ་པ་དང་འཐུས་ཚང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པ་ཁ་གསལ་བཏོན་ཡོད་ཅེས་བརྗོད།

མཚོ་བོད་ས་མཐོའི་གངས་རི་དང་། འཁྱག་རོམ། འཁྱག་ས་བཅས་ལ་དམིགས་བསལ་གྱི་སྲུང་སྐྱོང་རིན་ཐང་ལྡན་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་བཀྲག་མདངས་འཚེར་ས་གཅིག་ནི། མཚོ་བོད་ས་མཐོའི་གངས་རི་དང་། འཁྱག་རོམ། འཁྱག་ས་བཅས་སྲུང་སྐྱོང་གི་ལམ་ལུཌ་འཛུཌ་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་པ་དེ་རེད།

“མཚོ་བོད་ས་མཐོའི་གངས་རི་དང་། འཁྱག་རོམ། འཁྱག་ས་བཅས་ལ་ཆུ་རྩ་གསོ་བ་དང་ཆུའི་ཐོན་ཁུངས་མཁོ་སྤྲོད་ཀྱི་ནུས་པ་གལ་ཆེན་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཨོའུ་དབྱང་ཀྲི་ཡུན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་བཅའ་ཁྲིམས་སུ་གངས་རི་དང་། འཁྱག་རོམ། འཁྱག་ས་བཅས་ཀྱི་ཐོན་ཁུངས་བརྟག་དཔྱད་དང་། རྨང་གཞིའི་ཞིབ་འཇུག བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་། ཐོན་ཁུངས་གསར་སྤེལ། ཉེན་ཁ་དཔྱད་དཔོག་སོགས་ཀྱི་ཐད་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད་ཅེས་བརྗོད།

ཡུལ་སྐོར་དང་རི་ཁུལ་བྱེས་སྐྱོད་ལུས་རྩལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

མཚོ་བོད་ས་མཐོར་ཡུལ་སྐོར་དང་རི་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཡུལ་སྐོར་དང་རི་ཁུལ་གྱི་བྱེས་སྐྱོད་ལུས་རྩལ་གྱིས་རྐྱེན་པས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་གནད་དོན་ལ་ཉིན་རེ་བཞིན་དོ་ཁུར་བྱེད་བཞིན་ཡོད།

ཡོན་ཅེ་ཡིས་མཚོ་བོད་ས་མཐོར་ཡུལ་སྐོར་དང་རི་ཁུལ་གྱི་བྱེས་སྐྱོད་ལུས་རྩལ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པའམ་ཡང་ན་དེར་ཞུགས་སྐབས་བདེ་འཇགས་ཀྱི་གཏན་འབེབས་དང་ཡ་རབས་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་ཞུ་བ་དང་ས་ཁོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་རི་ཁུལ་གྱི་བྱེས་སྐྱོད་ལུས་རྩལ་སོགས་ཀྱི་དོ་དམ་ཚོད་འཛིན་དང་ཚད་ལྡན་གྱི་བླང་བྱ་དང་འཚམ་པ་དང་། རང་བྱུང་མཛེས་ལྗོངས་དང་རྩྭ་ཐང་སྔོ་ཁེབས་ལ་གཏོར་བཤིག་གཏོང་བ་དང་། རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ། རྩི་ཤིང་གཅོད་པ་བཅས་གཏན་འགོག འཚོ་བའི་གད་སྙིགས་རང་འགུལ་ངང་བསྒྲུགས་ནས་ཁྱེར་བའམ་ཡང་ན་དམིགས་འཛུགས་ས་ཆར་སྐྱུར་བ། འཚོ་བའི་གད་སྙིགས་གང་བྱུང་དུ་སྐྱུར་བ་གཏན་འགོག་བཅས་ལ་བཅའ་ཁྲིམས་ནས་གཏན་འབེབས་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ཞིབ་ཚགས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ་ཞེ་ན། “མཚོ་བོད་ས་མཐོར་ཆུ་བོ་དང་སྲིད་འཛིན་ཁུལ་མང་པོ་འདུས་ཡོད་པས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དཀའ་གནད་ཆེ་བ་དང་། ཁྱབ་ཁོངས་ཆེ་བ། དུས་ཡུན་རིང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད”ཅེས་ཁྲེན་ཧའེ་སུང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་དང་ཕྱོགས་བསྡུས་མཛུབ་ཁྲིད་བྱས་ཏེ། ས་ཁུལ་དང་སྡེ་ཚན་སྒྲོལ་བའི་གནད་དོན་གལ་ཆེན་མཐུན་སྦྱོར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

“མཚོ་བོད་ས་མཐོའི་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་མ་ལག་སོགས་ཐད་ཀྱི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཞུགས་པ་དང་དེར་དོ་ཁུར་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས། དེ་དང་ཆབས་ཅིག་གླེང་ཕྱོགས་ཀྱིས་ཁྲིམས་འགལ་བྱེད་སྤྱོད་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་པའི་ཐོན་སྐྱེད་དང་། འཚོ་བ། ཡུལ་སྐོར་བཅས་ཀྱི་བྱ་སྤྱོད་སྤེལ་བར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་ཆེད་བློ་གྲོས་སྐྱེས་སུ་འབུལ་དགོས” ཞེས་ཨོ་དབྱང་ཀྲི་ཡུན་གྱིས་བརྗོད་པ་རེད།