རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-30   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
“ལོ་མང་རིང་སྲུང་སྐྱོང་བྱས་པ་བརྒྱུད་ཇོ་མོ་གླང་མའི་སྐྱེ་ཁམས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཐད་ཕན་འབྲས་མངོན་གསལ་ཐོབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུའུ་ཡི་ཆེད་མཁས་པས་དཔྱད་དཔོག་བྱས་པ་གཞིར་བཟུང་། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱིས་བོད་ལྗོངས་མངའ་ཁོངས་ཀྱི་འཐུས་ཚབ་རང་བཞིན་གྱི་སྐྱེ་ཁམས་མ་ལག་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱས་ཡོད་ཅིང་། དེའི་ནང་སྟོངས་ཉེན་ཡོད་པའི་སྲོག་ཆགས་སྐྱེ་འཕེལ་བྱ་ཡུལ་དང་འབབ་སྡོད་བྱ་ཡུལ། དུས་བྱ་གནས་སྤོར་གྱི་མཚེའུ་གལ་ཆེན། བརླན་ས། དེ་བཞིན་ཚན་རིག་ཞིབ་འཇུག་དང་ཡུལ་སྐོར་རིན་ཐང་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ས་གཤིས་རྗེས་ཤུལ། སྐྱེ་དངོས་འགྱུར་རྡོ་བཅས་འདུས་ཡོད།
ཇོ་མོ་གླང་མའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་ཆེད། རང་རྒྱལ་གྱིས1988ལོར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.38ཟིན་པ་དང་། དེ་ནི་གོ་ལ་ཧྲིལ་བོའི་ས་བབ་མཐོ་ཤོས་དང་ཧེ་བག་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ། གཙོ་བོ་ཧ་ཅང་མཐོ་བའི་རི་མཐོའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་བྱེད་དགོས། 1994ལོར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱུང་བ་དང་། 2005ལོར་འཛམ་གླིང་གི་སྐྱེ་དངོས་ཚོམས་སྲུང་སྐྱོང་ཁུལ་ནང་བཅུག་པ་རེད། །