རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-30   རྩོམ་ཁུངས།    མི་དམངས་དྲ་བ།
“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཚེས་23ཉིན་པེ་ཅིང་དུ་འཚོགས་ཤིང་། ཡན་ལག་གླེང་སྟེགས་སུ་ཀྲུང་ཕྱིའི་སྐུ་མགྲོན་ཚོས“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་བོད་དུ་ལག་བསྟར”དང་། “བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག” “བོད་ཀྱི་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ” “མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རིང་གི་གཞོན་ནུའི་སྟོབས་ཤུགས”“གྲངས་འཛིན་དུས་རབས་སུ་བོད་ཀྱི་གཏམ་རྒྱུད་རྒྱལ་སྤྱིར་སྤེལ་བ”བཅས་གྲོས་གཞི་ལྔ་ལ་དམིགས་ནས་གྲོས་བསྡུར་འཁྲུག་པོ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།
“ལོ་70ལྷག་ཙམ་རིང་སྤྱི་ཚོགས་རིང་ལུགས་དམངས་གཙོ་བོད་དུ་རྒྱ་ཁྱབ་དང་། དངོས་འབྲེལ། གཏིང་ཟབ་བཅས་ཀྱི་འཕེལ་རྒྱས་བྱུང་སྟེ་ཆ་ལག་ཚང་བའི་ལམ་ལུགས་དང་བརྒྱུད་རིམ་ཡོད་པ་མ་ཟད། ཆ་ལག་ཚང་བའི་ལག་ལེན་ཡང་བསྟར་ཡོད་པས། དེ་ནི་འཁོར་འབྲེལ་ཧྲིལ་པོ་དང་། ཕྱོགས་ཡོངས། ཡོངས་ཁྱབ་བཅས་ཀྱི་དམངས་གཙོ་ཡིན་པ་དང་། ནང་དོན་དང་ངོ་བོ་གང་གི་ཐད་ནས་ཀྱང་བརྒྱུད་རིམ་ཧྲིལ་པོའི་དམངས་གཙོ་རེད”ཅེས་བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི(བོད་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)གཞོན་པ་ཝང་ཆིང་ཤན་གྱིས་དེ་ལྟར་བརྗོད།
པར་ཙིར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཏི་ཨའེ་ཀེས་ཉིན་འགའ་ཤས་རིང་བཅར་འདྲིར་བསྐྱོད་རྗེས། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཀྱི་གྲུབ་འབྲས་དངོས་སུ་མཐོང་བས། བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“བོད་དུ་སྤྱི་ཚོགས་ཀྱི་ལམ་ལུགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་ཀྲུང་གོའི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད”ཅེས་བརྗོད།
“དབུལ་ཕོངས་ཀྱི་གནད་དོན་སེལ་བའི་ཐད་བོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ནི་དངོས་གནས་ཧང་སང་དགོས་པ་ཞིག་འདུག”ཅེས་ཀྲུང་གོར་བཅའ་སྡོད་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེན་མོ་བ་ཀྲུའུ་སའེ་ཕེ·གཡོད་ཕུའུ་ལེ་ཏ·ཡིའུ་ལི་ཨོ་ཡིས་དེ་ལྟར་བརྗོད་པ་དང་། ཁོང་གིས་རྒྱལ་ཁབ་གཉིས་པོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་དམངས་གཙོའི་ཉམས་མྱོང་དང་དབུལ་ཕོངས་སེལ་བའི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་བྱ་ཆོག གནད་དོན་དེ་དག་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡོངས་ཀྱིས་སྔོན་ལ་བསམ་གཞིག་བྱེད་དགོས་པའི་གནད་རེད་ཅེས་བརྗོད།
ཕུན་སུམ་ཚོགས་པའི་དངོས་པོའི་རིག་གནས་ཀྱི་ཤུལ་བཞག་དང་། སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག རྒྱ་ཆེ་ལ་གཏིང་ཟབ་པའི་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་ཐོན་ཁུངས་བཅས་ནི་དུས་རབས་གསར་པའི་བོད་དར་རྒྱས་གོང་འཕེལ་གྱི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་ཡོད་ལ། ཏང་དང་སྲིད་གཞུང་གི་མཐོང་ཆེན་དང་རྒྱབ་སྐྱོར་འོག་བོད་ཀྱི་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་པའི་རྨང་གཞིའི་ཐོག་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
ནེ་པ་ལའི་ཨ་ཉི་ཀོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སར་པོ་ཐ་མུའུ·ཧྲི་ལུའེ་སི་ཐ་ཡིས་ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་པོ་བྱེད་པ་དང་། བོད་རིགས་ཀྱི《གླིང་སྒྲུང》འཚོལ་བསྡུ་ལེགས་སྒྲིག་དང་དཔེ་སྐྲུན་ལས་དོན་གྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས“གླིང་སྒྲུང་གི་སྒྲུང་པ་ཁ་ཐོར་དུ་གནས་པ་དང་ས་ཁོངས་རྒྱ་ཆེ་བས་འཚོལ་བསྡུ་བྱེད་སྐབས་དཀའ་ལས་ཆེན་པོ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། དེ་ལྟར་ཡིན་རུང་ཀྲུང་གོ་སྲིད་གཞུང་གིས་འདུ་འགོད་ཆེན་པོ་དེ་ལག་ལེན་བསྟར་ཡོད”ཅེས་བརྗོད།
མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད།
ཀྲུང་གོའི་རིམ་ཁག་སྲིད་གཞུང་གི་འབད་བརྩོན་འོག་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད། གཞོན་ནུ་ཚོས་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་མིན་སྐོར་གྲོས་བསྡུར་བྱེད་སྐབས། ཨ་རི་ནས་ཡོང་བའི་ཀྲུང་གོ་དྲ་སྦྲེལ་གསར་འགྱུར་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཞུས་ཏ་ཝུའེ་ཡིས་གཞོན་ནུས་སྐྱེ་ཁམས་གནད་དོན་ལ་འཛིན་པའི་ལྟ་སྟངས་དང་མྱོང་ཚོར་ཟབ་ཏུ་བཏང་སྟེ“མཚོ་བོད་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་རྩ་ཆེའི་ཐོན་ཁུངས་ལ་དངོས་སུ་བལྟས་རྗེས་བློ་གཅིག་སེམས་གཅིག་གིས་བྱ་གཞག་དེའི་ནང་ཞུགས་རྒྱུ་ནི་གལ་ཆེ་ཤོས་རེད”ཅེས་བརྗོད།
“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་ཡོད། “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མངོན་འགྱུར་བྱེད་པའི་ལག་ལེན་གྱི་ལས་སྟེགས་ཤིག་ཡིན་ལ་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མངོན་འགྱུར་བྱེད་པའི་ལག་ལེན་གྱི་ལས་སྟེགས་ཤིག་ཀྱང་ཡིན་པ་སྨོས་མེད་རེད”ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་མཐའ་མཚམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཤིང་ཀོང་ཁྲེང་གིས་དེ་ལྟར་བརྗོད། ཁོང་གིས་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་མཐོངས་དང་འབྲེལ་མཐུད་ཧུར་ཐག་དང་ཧི་མ་ལ་ཡའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྒྱུད་འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་བཏང་བས། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ས་བབ་ཀྱི་ལེགས་ཆའང་སྔར་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད་ཅེས་བརྗོད།
གྲངས་འཛིན་དུས་རབས་སུ་བོད་ཀྱི་གཏམ་རྒྱུད་ཇི་ལྟར་བྱས་ནས་ཡག་པོ་ཤོད་དགོས་སམ་ཞེ་ན། དངོས་མཚོན་བརྙན་ཕབ་ནི་དམིགས་བསལ་ས་ཁོངས་ཀྱི་གཟུགས་བརྙན་གསར་བཟོ་དང་ཁྱབ་སྤེལ་བྱེད་པའི་གཞི་རྟེན་ནུས་ལྡན་ཞིག་རེད། 《བོད་དུ་བསྐྱོད་པ·ས་མཐོའི་གླུ་དབྱངས》དང《བོད་ཀྱི་བུ་མོ》《ལྷ་ས་ཤེས་ཚོར》སོགས་དངོས་མཚོན་བརྩམས་ཆོས་ལས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བོད་ཀྱི་འཛུགས་སྐྲུན་གྲུབ་འབྲས་ཕྱོགས་ཡོངས་དང་སྣ་མང་སྒོ་ནས་གང་ལེགས་མངོན་ཡོད། ཀྲུང་གོ་མི་དམངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀུའུ་ཡཱ་ཆིས་གྲངས་འཛིན་ལག་རྩལ་གྱི་བྱེད་ཐབས་མང་ཙམ་སྤྱད་དེ་ལྟད་མོ་བའི་མཐོང་ཐོས་མྱོང་གསུམ་གྱི་ཚོར་བ་ཟབ་ཏུ་གཏོང་བ་དང་། ཁྱབ་སྤེལ་གྱི་ཕན་འབྲས་ཆེ་རུ་བཏང་ནས་དུས་རབས་གསར་པའི“གསོན་ཤུགས་ཀྱིས་ཁེངས་པའི་བོད་ལྗོངས”ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།