​གོམས་སྲོལ་བཟང་ངན་གང་གིས་ཀྱང་ལུས་ཕུང་ལ་ཤུགས་རྐྱེན་བཟོ་སྲིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-31   རྩོམ་ཁུངས།   

འཚོ་བའི་གོམས་སྲོལ་གྱིས་ལུས་ཕུང་བདེ་ཐང་ཐད་ཤུགས་རྐྱེན་ཆེན་པོ་བཟོ།གཤམ་གྱི་གོམས་སྲོལ་ལེགས་པོ་དང་གོམས་སྲོལ་ངན་པ་འདི་དག་ལ་ཁྱེད་ཀྱིས་རྒྱུས་ལོན་བྱེད་རོགས། 

 གོམས་སྲོལ་ངན་པ་འདི་དག་བསྒྱུར་བཅོས་བྱེད་དགོས།



གཅིག འགུལ་སྐྱོད་མི་བྱེད་པ། རྒྱུན་དུ་ལུས་པོ་འགུལ་སྐྱོད་མ་བྱས་ན། ཁྲག་རླུང་འཁོར་སྐྱོད་ལེགས་པོ་ཡོང་མི་ཐུབ་པ་དང་། ཤ་གནད་སྙི་མོར་གྱུར་ཏེ་ཤུགས་མེད་ལ། ལུས་པོའི་རིམས་འགོག་ནུས་པ་དང་ནད་འགོག་ནུས་ཤུགས་ཇེ་ཞན་དུ་གྱུར་ཏེ། ནད་རིགས་སྣ་ཚོགས་འབྱུང་སླ་བ་རེད།

གཉིས། རྐང་པ་གཅིག་ཐོག་གཅིག་བརྩེགས་ཀྱིས་འདུག་པ། འདུག་སྟངས་འདིས་རྐེད་པའི་ཤ་གནད་ལ་རྨས་ཕོག་པ་དང་སྒལ་ཚིགས་གཞོགས་གུག་འབྱུང་བ་སོགས་ཀྱི་གནད་དོན་འབྱུང་ཞིང་། དེ་ལས་གཞན་ད་རུང་ཁོག་སྨད་ཀྱི་སྡོད་རྩའི་ཁྲག་རྒྱུན་ལྡོག་རྒྱུག་ལ་གནོད་དེ། སྡོད་རྩ་གུག་རྐྱོང་གི་ནད་འབྱུང་བ་དང་། ཐ་ན་སྡོད་རྩའི་ཁྲག་དབལ་འབྱུང་བའི་ཉེན་ཁའང་ཡོད།

གསུམ། ཙོག་ཡུན་རིང་བ། ཙོག་ཡུན་རིང་ན་ཁྲག་གི་འཁོར་རྒྱུག་ལ་གནོད་པ་ཐེབས་ཏེ། ཁྲག་གི་གར་ཚད་ཇེ་མཐོར་འགྲོ་བ་དང་། ཀླད་སྙིང་གིས་ཁྲག་མཁོ་འདོན་བྱེད་ཚད་མི་འདང་བས། ཀླད་སྙིང་ཁྲག་རྩའི་ནད་རིགས་འབྱུང་ཚད་ཇེ་མཐོར་འགྲོ་ཞིང་། ཙོག་ཡུན་རིང་ན་ད་རུང་རྐེད་ཚིགས་མཁར་མཚམས་འབུར་ཐོན་གྱི་ནད་འབྱུང་བའི་ཉེན་ཁའང་ཤིན་ཏུ་ཆེ།

བཞི། ཆུ་མི་འཐུང་བ། དུས་ཡུན་རིང་པོར་ཆུ་འཐུང་ཚད་ཉུང་ན་གཞང་འགག་པ་དང་། གཅིན་ཇེ་ཉུང་དུ་སོང་ནས། ལུས་སྟེང་གི་གད་སྙིགས་གཅིན་དང་འགྲོགས་ནས་ཕྱི་རོལ་དུ་ཕུད་མི་ཐུབ་པས། རྡེའུ་སྐྲན་འབྱུང་ཉེན་ཆེ་ཞིང་། ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ། ཁྲག་ཧྭགས་མཐོ་བ་བཅས་ཀྱི་ནད་པས་ཆུ་འཐུང་ཚད་མ་འདང་ན། ཁྲག་གི་གར་ཚད་ཇེ་མཐོར་སོང་ནས། ཁྲག་གི་འཁོར་རྒྱུག་ཇེ་དལ་དུ་འགྲོ་ཞིང་། སྙིང་རྩ་འགག་པ་དང་ཀླད་རྩའི་ཁྲག་དབལ་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད།

ལྔ། སྤྱོད་ཁང་དུ་འདུག་སྐབས་ལག་ཁྱེར་ཁ་པར་རྩེ་བ། སྤྱོད་ཁང་དུ་འདུག་སྐབས་ལག་ཁྱེར་ཁ་པར་རྩེ་བའམ་ཡང་ན་དཔེ་ཆར་བལྟས་ན་རྣམ་རིག་གཅིག་ཏུ་སྒྲིམ་མི་ཐུབ་པས། ཙོག་ཕུད་དངོས་པོ་དེ་གཞང་སྒོར་འགག་པ་དང་། དེས་ཁྲག་རྩར་ཕོག་ཐུག་བཏང་ནས། དུས་ཡུན་རིང་པོར་ཁྲག་རྒྱུན་ལྡོག་རྒྱུག་བྱེད་མ་ཐུབ་པར། གཞང་འབྲུམ་འབྱུང་བའི་ཉེན་ཁ་ཆེ།

གོམས་སྲོལ་ལེགས་པོ་འདི་དག་རྒྱུན་འཁྱོངས་བྱེད་དགོས།

གཅིག ཉིན་རེར་སྔོ་ཚོད་གསར་པ་ཟ་བ། ཉིན་རེར་སྔོ་ཚོད་ཁེ300རེ་རྒྱུན་འཁྱོངས་ཀྱིས་ཟ་དགོས།སྔོ་ཚོད་ཀྱི་ནང་དུ་ལུས་པོར་ཕན་པའི་འཚོ་བཅུད་དངོས་པོ་མང་པོ་འདུ་བས།ནད་འགོག་ནུས་པ་ཇེ་མཐོར་འགྲོ་བར་ཕན།

གཉིས། གུང་གཉིད་རྒྱུན་འཁྱོངས་བྱེད་པ། ཉིན་གུང་ཡུན་ཙམ་གཉིད་ན་ཀླད་པ་དང་ལུས་པོར་ངལ་གསོ་ཐོབ་མོད། འོན་ཀྱང་དུས་ཡུན་རིང་མི་རུང་། ཆེས་བཟང་བ་ནི་དུས་ཚོད་ཕྱེད་ཀ་ཙམ་ཡིན།

གསུམ། རྒྱུན་དུ་མགྱོགས་བགྲོད་བྱེད་པ། ལྷམ་བདེ་མོ་ཞིག་གོན་ཏེ།ཉིན་རེའི་ནངས་དགོང་གཉིས་ཀར་ཕྱི་རོལ་དུ་སོང་ནས་མགྱོགས་བགྲོད་བྱས་ན། ཀླད་སྙིང་ཁྲག་རྩ་དང་ཐ་ན་ལུས་པོ་ཧྲིལ་པོ་བདེ་ཐང་ཡོང་བར་ཕན།

བཞི། རྒྱུན་དུ་ཉ་ཤ་ཟ་བ། ཉ་ཤའི་ཁྲོད་སྤྲི་དཀར་མང་པོ་འདུ་ཞིང་། ཕོ་རྒྱུའི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཡང་ཕན། ཉ་ཤའི་ཁྲོད་དུDHAདང་ཉིའུ་ཧྥོན་སྐྱུར(牛磺酸)མང་པོ་འདུ་བས། ཀླད་པ་བདེ་ཐང་ཡོང་བར་ཕན་ལ། མིག་ཤུགས་སྲུང་བར་ཡང་ཕན།

ལྔ། ཤ་དམར་ཉུང་བཟའ་བྱེད་དགོས། ཤ་དམར་མང་དུ་ཟོས་ན་ལུས་པོར་ཚོ་རྒྱས་ཤིང་། གསུས་པ་ཕྱི་རུ་འབུར་བར་མ་ཟད། པྲོག་དབྱིབས་སྙིང་ནད་དང་གཅིན་སྙི་ཟ་ཁུ། ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་རིགས་འབྱུང་ཚད་ཇེ་མཐོར་འགྲོ་བ་རེད།

དྲུག རྒྱུན་དུ་ཤིང་འབྲས་ཟ་བ། ཤིང་འབྲས་གཏན་ནས་མི་ཟ་བ་དང་ཡང་ན་ཟ་ཚད་ཉུང་བའི་མི་དང་བསྡུར་ན། གཟའ་འཁོར་རེར་ཤིང་འབྲས་ཐེངས་འགའ་ལ་ཟ་བའི་མི་གློ་བུར་ཤི་བའི་ཚད་དམའ་བ་རེད།

བདུན། ཉི་མར་ལྡེ་བ། ཉི་མར་ཡུན་ཙམ་ལྡེས་ན། ཀླད་པའི་ནང་གི་རང་བྱུང་ནག་འབུད་རྒྱུ་ཇེ་མང་དུ་འགྲོ་ལ། སེམས་ཁྲལ་ཇེ་ཉུང་དུ་འགྲོ་བར་མ་ཟད། ད་རུང་མཚན་མོའི་གཉིད་ཇེ་བདེར་འགྲོ་བ་རེད།

བརྒྱད། རྒྱུན་དུ་ཁ་བརྡ་བྱེད་པ། ཁ་བརྡ་བྱེད་པ་ནི་ཀླད་པ་འགུལ་བའི་གོ་རིམ་ཞིག་ཡིན། མི་དང་མིའི་བར་ཁ་བརྡ་བྱེད་པ་ནི་ཚོར་སྣང་དང་སྐད་ཆ་བཤད་པའི་ནུས་པ་སློབ་པའི་ཀླད་པའི་སྦྱོང་བརྡར་ཞིག་གོ །