རིག་གནས་ཀྱི་རྨང་མཐུག་པའི་ཀོང་རྩེད་ར་གྲོང་རྡལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འཇོལ་རྫོང་དུ་བསྐྱོད་པར་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཐོན་པའམ་ཡང་ན་འཇོལ་རྫོང་ནས་ཐོན་པ་གང་ཡིན་རུང་གྲོང་རྡལ་དུ་སླེབས་སྐབས་ལྟོ་ཟ་བའམ་ཡང་ན་ཞག་སྡོད་བྱེད་པའི་སྲོལ་ཞིག་ཆགས་ཡོད། རྒྱལ་ལམ་214ལམ་ཐིག་གི་གཞོགས་གཉིས་དང་། གསོལ་མགྲོན་ཁང་། བོད་ལུགས་རྒྱན་གོས། དངུལ་རྒྱན་ཚོང་ཁང་བཅས་གང་སར་མཐོང་ཐུབ་ཀྱི་ཡོད། 

    

    ཡུན་བོད་ཇ་རྟ་ཚོང་ལམ་ཐོག་གི་གྲོང་རྡལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཡུལ་འདི་ལ་ཁམས་ཡུལ་གྱི་ཅང་ནན་ཞེས་པའི་བསྔགས་བརྗོད་བྱ་ཡུལ་དུ་གྱུར་ཡོད།  ཡུལ་འདི་ནས་བོད་ཡུལ་གཞན་དུ་མཐོང་དཀོན་པའི་ཤིང་འབྲས་སོས་པ་བཟའ་རྒྱུ་ཡོད་པ་མ་ཟད། ཟ་ཁང་ཆུང་གྲས་ནང་དུའང་བྲོ་བ་ཞིམ་ཤོས་ཀྱི་ནམ་དུས་ཀྱི་སྔོ་ཚལ་ཟ་རྒྱུ་ཡོད་པ་རེད། ཡུལ་འདི་ནི་འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་ཕུད་པའི་དངོས་ཟོག་ཉོ་ཚོང་ཁྲོམ་ར་ཆེ་གྲས་གཉིས་པ་དེ་ཡིན་ལ། གནའ་བོའི་ཇ་རྟ་ཚོང་ལམ་ཅུང་ཆེ་བའི་ཚོང་འགྲུལ་གྲོང་ཁྱེར་གྱི་གྲས་ཤིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་ཕྱི་ཕྱོགས་དང་འབྲེལ་གཏུག་དང་འགྲོ་འོང་བྱེད་རིང་། དེ་གའི་བོད་རིགས་ཀྱི་རིག་གནས་ལ་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ཁྱད་ཆོས་མངོན་ཡོད་པ་སྟེ། ལག་ཤེས་ལ་བརྟེན་ནས་བཟོས་པའི་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་དང་གྱོན་ཆས་སོགས་བཟོ་རྩལ་སྤུས་དག་ལས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཡོད་པ་དང་། སྐོར་བྲོ་ལ་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཅིང་། རྫ་ཕོར་བཟོ་བའི་ལག་རྩལ་ཁྱད་དུ་འཕགས་པས་ཤིང་ཕོར་གྱི་ཕ་ས་ཞེས་བརྗོད་ཀྱི་ཡོད།    ཀོང་རྩེད་ར་གྲོང་རྡལ་དུ་སྐོར་བྲོའི་རིག་གནས་ནི་མང་ཚོགས་ཀྱི་འཚོ་བའི་ནང་ཡོངས་སུ་ཁྱབ་ཡོད་ཅིང་།  ལོ་གསར་དང་དུས་ཆེན་གཏོང་བའམ་ཡང་ན་ཕེབས་བསུ་ཕེབས་སྐྱེལ་ཞུ་བ་སོགས་ལ་སྐོར་བྲོ་ནི་ས་གནས་དེ་གའི་མི་རྣམས་ཀྱི་བརྩེ་བ་མཚོན་ཐབས་གཙོ་བོ་ཞིག་ཏུ་ཆགས་ཡོད།    ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་རྩེད་ར་གྲོང་རྡལ་ནི་ལོ་རྒྱུས་ཐོག་ཇ་རྟ་ཚོང་ལམ་དེ་ཡུན་ནན་གྱི་ནུབ་བྱང་ནས་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན་དུ་བསྐྱོད་པའི་འགག་ས་ཞིག་རེད། སྐོར་བྲོ་ནི་དེ་གར་ཁྱད་ཆོས་ཆེས་ལྡན་པའི་གླུ་གར་ཞིག་རེད།   ངག་རྒྱུན་ལྟར་ན།  ནན་ཀྲའོ་ཀོང་ཇོ་བོད་དུ་བསྐྱོད་སྐབས་མཚན་མོ་རེ་རེར་དེ་གའི་མི་སེར་ཚོ་དང་མཉམ་དུ་སྐོར་བྲོ་འཁྲབ་མྱོང་ཡོད་ཅེས་བཤད་སྲོལ་ཡོད། ལོ་རྒྱུས་ཀྱི་འབྱུང་ཁུངས་ཡུན་རིང་ལྡན་པས་ས་གནས་དེ་གའི་ཕོ་མོ་རྒན་གཞོན་ཚང་མ་སྐོར་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད། ཁོང་ཚོས་སྐོར་བྲོ་ནི་ཡུལ་ལ་བཀྲ་ཤིས་ཤིང་།  འཛམ་གླིང་ཞི་བདེ་ཡོང་བ། དོན་ཀུན་འགྲུབ་པ། ཁམས་བཟང་བཅས་ཡོང་བའི་སྨོན་ལམ་གྱི་རོལ་རྩེད་བྱེད་སྒོ་ཡག་ཤོས་ཤིག་ཏུ་བརྩི་བཞིན་ཡོད།  

    1999ལོ་ནས་བཟུང་།  ཀོང་རྩེད་རའི་སྐོར་བྲོ་དེ་འཇའ་ཕན་དང་། མ་ལེ་ཞི་ཡ། སིང་ཀ་ཕོར་སོགས་ས་ཆར་སྔ་རྗེས་སུ་འཁྲབ་སྟོན་བྱས་པ་དང་། འགྲན་བསྡུར་ཁག་ནང་མཚན་སྙན་མང་པོ་ཐོབ་ཡོད། བདེ་ཆེན་ཁུལ་གྱི་གླུ་དང་། གླུ་དབྱངས། བྲོ་གསར། རོལ་རྩེད་བཅས་གསར་པའི་ཁྲོད་ཀོང་རྩེད་རའི་སྐོར་བྲོ་ལ་བསྟུད་མར་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། བདེ་ཆེན་ཁུལ་གྱི་ཚབ་ཞུས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དམངས་ཁྲོད་གླུ་གར་འགྲན་བསྡུར་ཁག་ནང་ཐེངས་མང་ཞུགས་པ་དང་འབྲེལ་གཟི་བརྗིད་མཚན་སྙན་ཡང་ཡང་ཐོབ་ཡོད་པ་རེད།2018ལོའི་ཟླ་བརྒྱད་པར་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ལ་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས“ཀྲུང་གོའི་བོད་རིགས་སྐོར་བྲོ་རིག་གནས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་སྤྲད་པ་རེད།    ཀོང་རྩེད་ར་གྲོང་རྡལ་སྒྲོལ་མ་ལྷ་མོའི་མི་རིགས་གྱོན་ཆས་ཚོང་ཁང་དུ་མི་རིགས་གྱོན་ཆས་སྣ་ཚོགས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།ཀོང་རྩེད་ར་གྲོང་རྡལ་གྱི་བོད་རིགས་ཀྱི་གྱོན་ཆས་ས་ཆ་གཞན་དང་མི་འདྲ་བར་ཚོན་མདངས་རྣམ་པར་བཀྲ་ཞིང་དམིགས་བསལ་གྱི་ལྟེབ་བརྒྱ་སྨད་གཡོགས་ཤིག་བཙུགས་ནས་སྒམ་བརླིང་ལྡན་པའི་ངང་གྱོན་ཚེ་མི་རྣམས་ཀྱི་སེམས་ངོར་ཧ་ཅང་འཁྲུག་ཆ་དོད་པའི་ཚོར་སྣང་ཞིག་སྦྱིན་གྱི་ཡོད། བུད་མེད་ཀྱི་རྒྱན་གོས་ནི་ཚོན་མདངས་རྣམ་པར་བཀྲ་ཞིང་། གསེར་སྐུད་ཀྱིས་རྒྱན་པའི་གྱོན་ཆས་ལ་བརྗིད་སྣང་ལྡན།   ཁ་དོག་དམར་པོའི་མགོ་རྒྱན་དང་ཚོས་གཞི་དཀར་པོའི་ལྟེབ་རྩིས་ཀྱི་སྨད་གཡོགས་ཀྱིས་བུད་མེད་ཀྱི་ཡ་རབས་ཀྱི་རྣམ་པ་མངོན་གྱི་ཡོད། གསེར་ཞྭ་ནི་སྐྱེས་པའི་བོད་ཆས་ཀྱི་རྒྱན་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། སྐྱེས་པས་བོད་ཆས་གྱོན་ཐོག་དངུལ་གྱིས་བཟོས་པའི་བོད་གྲི་རིང་པོ་ཞིག་སྦྱར་ཚེ་རྫིག་ཉམས་ཆེ་བ་སྨྲ་བརྗོད་ཀྱི་ཡུལ་ལས་འགོངས།   

     ངོ་སྤྲོད་བྱས་པར་གཞིགས་ན། སྒྲོལ་མ་ལྷ་མོ་ལགས་གྱོན་ཆས་བཟོ་བའི་ལས་ལ་ཞུགས་ནས་ལོ་40ལྷག་ཙམ་སོང་ཞིང་། བཟོ་ཁང་ཆུང་ཆུང་ནས་འགོ་བཙུགས་ཏེ་ད་ཆ་རྒྱན་གོས་བཟོ་སྐྲུན་ཀུང་སི་བཙུགས་ཡོད། ཁོ་མོས་གྱོན་ཆས་བཟོ་བའི་ལག་རྩལ་ཐད་བླང་བྱ་ནན་པོ་བཏོན་ཡོད།  རྒྱུ་སྤུས་ནི་སྒྲོལ་མ་ལྷ་མོས་ལག་ཤེས་བྱས་པའི་མི་རིགས་ཀྱི་རྒྱན་གོས་ལོ་མང་ཉམས་ཆག་མེད་པའི་རྩ་བ་དེ་རེད།   སྒྲོལ་མ་ལྷ་མོས་ལས་ཐུབ་ན་འཚོང་སར་སེམས་ཁྲལ་མེད་ཅེས་ཟེར།     ཀོང་རྩེད་ར་གྲོང་རྡལ་གྱི་དམིགས་བསལ་གྱི་ས་ཁམས་གནས་ཡུལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤིག་གྲུབ་ཡོད་ཅིང་། ཀོང་རྩེད་ར་གྲོང་རྡལ་གྱི་ཤིང་ཕོར་བཟོ་བའི་ལག་རྩལ་ལའང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད་པས་བཟོ་རྩལ་ཧ་ཅང་ཡག་པོ་ཡོད་པ་རེད།ཀོང་རྩེད་ར་གྲོང་རྡལ་ལ“ཤིང་ཕོར་གྱི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད།  བློ་བཟང་ཡེ་ཤེས་ཀྱི་ཁྱིམ་ནི་ས་གནས་དེ་གའི་བོད་རིགས་ཀྱི་སྲོལ་རྒྱུན་ཤིང་ལས་ཐོན་རྫས་ཀྱི་དཔོན་རྒྱུད་ཆེ་ཤོས་དེ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཤིང་ཕོར་ཞིག་བཟོ་སྐབས་ཐལ་རྡུལ་སེལ་བ་དང་།  རྩི་བྱུགས་པ། བསིལ་སྐམ་སོགས་ལས་རིམ་20ལྷག་ཙམ་བརྒྱུད་དགོས་ཀྱི་ཡོད་པ་དང་། འཚོ་བའི་མཁོ་ཆས་ཡིན་ལ་བཟོ་རྩལ་ཐོན་རྫས་ཀྱང་ཡིན། ཇ་ཕོར་གྱི་རིན་ཐང་ལ་སྒོར་ཉི་ཤུ་སུམ་ཅུ་ནས་ཁྲི་གཉིས་ལྷག་ཙམ་བར་ཡོད་པ་དང་།   ཐོན་རྫས་གཙོ་བོ་ཡུན་ནན་དང་། བོད་ལྗོངས།  སི་ཁྲོན། མཚོ་སྔོན་སོགས་བཙོང་བཞིན་ཡོད་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།    

    སྔར་གྱི་དུས་ལ། ཀོང་རྩེད་ར་གྲོང་རྡལ་དུ་ཤིང་ཕོར་བཟོ་བའི་སྒྱུ་རྩལ་པ་200ལྷག་ཙམ་ཡོད་པ་དང་ལག་རྩལ་ཚང་མ་མེས་པོ་ནས་བརྒྱུད་དེ་རྒྱུན་འཛིན་བྱས་པ་ཡིན།   ཡོང་འབབ་མང་བའི་ཁྱིམ་ཚང་ལ་ལས་སྣོན་བཟོ་རྩལ་ཐོན་རྫས་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་5ཡོང་གི་ཡོད། མིང་རྒྱལ་རབས་ཀྱི་དུས་ནས་བཟུང་།  ཀོང་རྩེད་རས་ཤིང་གི་ཐོན་རྫས་བོད་དང་མཚོ་སྔོན་སོགས་ས་ཁུལ་དུ་བཙོངས་པ་དང་།   ཁག་གཅིག་རྒྱ་གར་དང་ནེ་པ་ལར་ཕྱིར་ཚོང་བྱེད་ཀྱི་ཡོད།