འགྲོ་སྟངས་མ་འགྲིག་ན་པུས་ཚིགས་ལ་གནོད་པ་བཟོ་ངེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-05   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན། 

        རྐང་ཐང་དུ་འགྲོ་བ་དང་སྐོར་བྲོ་འཁྲབ་སྟེ་ལུས་སྟེང་གི་ཚོ་བྱང་དུ་འཇུག་མཁན་ཧ་ཅང་མང་ལ། དབྱངས་རྟ་མགྱོགས་མོ་ཞིག་དང་འགྲོགས་ཏེ་མགྱོགས་བགྲོད་བྱས་ན་ལུས་པོ་ཇེ་ཡང་དུ་འགྲོ་བར་མ་ཟད་སེམས་ཁམས་སྐྱིད་པོ་ཡོང་ཐུབ་ཟེར་མཁན་ཡང་ཧ་ཅང་མང་། རྐང་ཐང་དུ་སོང་ན་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་ནི་སྨོས་མ་དགོས་མོད། འོན་ཀྱང་འགྲོ་སྟངས་མ་འགྲིག་པའམ་ཡང་ན་འགྲོ་ཡུན་ཧ་ཅང་རིང་ན་ལུས་པོར་གནོད་པ་ཆེན་པོ་ཐེབས་ངེས།

        རྐང་ཐང་དུ་འགྲོ་ཡུན་རིང་བས་པུས་ཚིགས་ལ་ཆུ་སེར་བསོགས་པ།

        ཚེ་རིང་སྒྲོལ་མ་དུས་རྒྱུན་དུ་གཞུང་ལས་ཁང་དུ་ཙོག་སྟེ། འགུལ་སྐྱོད་བྱེད་པའི་གོ་སྐབས་ཧ་ཅང་ཉུང་། ཉེ་བའི་ལོ་འདི་འགར། མོར་ཚོ་རྒྱས་ཏེ་ལུས་པོ་ཇེ་ལྕི་ནས་ཇེ་ལྕི་རུ་སོང་བ་དང་། བརྟག་དཔྱད་བྱས་པ་ན། མཆིན་པ་ཚིལ་འགྱུར་གྱི་ནད་ཀྱང་བྱུང་འདུག་པ་ཚོར། ན་ནིང་གི་ཟླ10པ་ནས་བཟུང་། མོ་རྒྱུན་དུ་རྐང་ཐང་དུ་སོང་ནས་ལུས་ཀྱི་ཚོ་བྱང་བར་འབད་པ་བྱས། ཉིན་དཀར་གང་ལ་འགྲོ་ནའང་རྐང་ཐང་དུ་འགྲོ་བ་དང་། དགོང་མོར་མུ་མཐུད་དུ་མགྱོགས་བགྲོད་བྱས་ཏེ་ལུས་སྦྱོང་བྱས། ཟླ་ཕྱེད་ཙམ་འགོར་རྗེས། མོའི་ལུས་པོའི་ལྗིད་ཚད་དངོས་གནས་ཇེ་ཡང་དུ་སོང་བས། མོར་མུ་མཐུད་ནས་རྐང་ཐང་དུ་འགྲོ་བར་ཡིད་ཆེས་ཆེན་པོ་བསྩལ། དེ་བས་མོ་ཉིན་རེར་རྐང་ཐང་དུ་གོམ་པ་ཁྲི་གཉིས་རེ་རྒྱུན་འཁྱོངས་བྱས་ནས་སོང་བ་རེད།

        ཟླ་ངོ་གཅིག་ལྷག་ལ་རྒྱུན་འཁྱོངས་བྱས་རྗེས་རྒྱུན་དུ་པུས་མོར་ན་ཟུག་སྐྱེས་པས། མྱུར་དུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པ་ན། རྐང་པ་གཡས་པའི་པུས་ཚིགས་ཀྱི་ནང་དུ་ཆུ་སེར་བསོགས་ཏེ། པུས་ཚིགས་འདྲེད་སྐྱིའི་གཉན་ཚད་བྱུང་ཡོད་པ་རེད།

        ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་སྨན་པ་ལི་ཁྲེན་གྱིས་བཤད་པ་ལྟར་ན། པུས་ཚིགས་འདྲེད་སྐྱིའི་གཉན་ཚད་ནི་སྲིན་མེད་གཉན་ཚད་ཅིག་ཡིན་ལ། མང་ཆེ་ཤས་ནི་པུས་ཚིགས་ལ་གཅུས་རྨས་ཐེབས་པ་དང་ཡང་ན་པུས་ཚིགས་ལ་རྨས་སྐྱོན་ཕོག་པ་ལས་བྱུང་ཞིང་། དེ་ལས་གཞན་ད་རུང་ལུས་སྦྱོང་ཚད་ལས་བརྒལ་བར་བྱེད་པ་དང་ངལ་དུབ་ཀྱིས་མནར་དྲགས་པ། ཐ་ན་དྲོས་འཁྱགས་བྱུང་བ་དང་ཚ་རྒྱས་པ་སོགས་ཀྱིས་ཀྱང་པུས་ཚིགས་འདྲེད་སྐྱིའི་གཉན་ཚད་སློང་སྲིད། འདྲེད་སྐྱིའི་བྱེད་ནུས་ཉམས་ན་ཚིགས་ཆུ་འབྱུང་ཐབས་བྲལ་བས། པུས་ཚིགས་ཀྱི་ནང་དུ་ཆུ་སེར་གསོག་པ་དང་། དེ་ནས་སྐྲངས་ཤིང་ན་ཟུག་སྐྱེས་ལ་འགུལ་སྐྱོད་ལ་ཚད་བཀག་ཐེབས་པ་རེད། འདྲེད་སྐྱིའི་རྣམ་པ་འགྱུར་ན་ད་དུང་པུས་མོའི་ཕྲུམ་རུས་ལ་གནོད་འཚེ་བཟོ་ཞིང་། དུས་ལྟར་གསོ་བཅོས་མ་བྱས་ཚེ་པུས་མོར་རུས་གཤིས་ཚིགས་ཚད་བྱུང་སྟེ། རྐང་པ་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ།

        ཚེ་རིང་སྒྲོལ་མའི་གནས་ཚུལ་འདི་ལྟ་བུ་ནི་མཐོང་དཀོན་པ་ཞིག་མིན་ཏེ། ཨ་ནེ་གཡུ་སྒྲོན་ལས་འཁྱུར་ངལ་གསོ་བྱས་རྗེས་སྐོར་བྲོ་རུ་ཁག་གི་ནང་དུ་ཞུགས། དགོང་ཟས་ཟོས་རྗེས་སྐོར་བྲོ་འཁྲབ་ཏུ་འགྲོ་བ་དང་། སྐོར་བྲོ་བརྩེས་པས་མོའི་ལུས་པོ་ཇེ་ཡང་ནས་ཇེ་ཡང་དུ་འགྲོ་བའི་ཚོར་སྣང་སྐྱེས་ཤིང་སེམས་ཁམས་ཀྱང་སྔར་ལས་ཇེ་སྐྱིད་དུ་སོང་། མ་བསམ་ས་ནས་སྐོར་བྲོ་འཁྲབ་པས་ཀྱང་མོར་སྡུག་བསྔལ་མི་ཉུང་བ་ཞིག་སྦྱིན་སོང་། ལོ་ཕྱེད་ཙམ་འགོར་རྗེས་ཨ་ནེ་གཡུ་སྒྲོན་གྱི་པུས་མོར་ན་ཟུག་གིས་མ་བཟོད་པར་སྨན་ཁང་དུ་བརྟག་དཔྱད་བྱས་པ་ན། པུས་ཚིགས་ཀྱི་ནང་དུ་ཆུ་སེར་བསོགས་ཡོད་པར་མ་ཟད་ཟླ་གམ་རུས་པ་ལ་གས་ཁ་བཏོད་ཡོད་པ་རེད།

        ཚན་རིག་དང་མཐུན་པའི་སྒོ་ནས་ལུས་སྦྱོང་བྱས་ཏེ་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་དགོས།

        ལི་ཁྲེན་གྱིས་བཤད་རྒྱུར། རུས་ནད་སྒོ་བསྟེན་ཁང་གི་ནད་པའི་ཕྱེད་ཀའི་ཡན་ནི་རྐང་ཐང་དུ་འགྲོ་བ་དང་སྐོར་བྲོ་འཁྲབ་པ་སོགས་བལྟས་ཚོད་ཀྱིས་ལུས་སྦྱོང་དྲག་པོར་མི་གཏོགས་པའི་འགུལ་སྐྱོད་ཀྱི་དབང་གིས་བྱུང་བའི་ནད་པ་ཡིན་ལ། དར་མ་དང་རྒན་པའི་ཁྲོད་དུ་དེའི་རིགས་ལྷག་ཏུ་མང་།

        “མི་རེ་རེའི་འགུལ་སྐྱོད་ཀྱི་ཐེག་ཚད་གཅིག་མཚུངས་མིན། རྒྱུན་དུ་ལུས་སྦྱོང་ལ་གོམས་ཡོད་པའི་མིའི་འགུལ་སྐྱོད་ཐེག་ཚད་དུས་རྒྱུན་འགུལ་སྐྱོད་མི་བྱེད་པའི་མི་ལས་མཐོ་བ་རེད” ལི་ཁྲེན་གྱིས་མཚམས་སྦྱོར་བྱེད་རྒྱུར། “ཞབས་བྲོ་འཁྲབ་སྟོན་པ་ཞིག་ལ་མཚོན་ན། ལོ80བར་དུ་འཁྲབ་ནའང་གནད་དོན་གང་ཡང་འབྱུང་མི་སྲིད་མོད། འོན་ཀྱང་ལོ་ན་གཞོན་པའི་སྐབས་སུ་ལུས་སྦྱོང་གི་གོམས་སྲོལ་མེད་པའི་མི་ཞིག་ལ་མཚོན་ན། གློ་བུར་དུས་ཡུན་རིང་པོར་སྐོར་བྲོ་འཁྲབ་ན། འགུལ་སྐྱོད་མ་ལག་ལ་ཁུར་བོ་བསྣན་ཞིང་། ཞབས་བྲོའི་སྟངས་སྟབས་ཁ་ཤས་ཤིག་གིས་པུས་ཚིགས་ལ་གནོད་པ་ཆེན་པོ་བཟོ་བ་རེད”ཟེར།

        《ཀྲུང་གོ་སྤྱི་དམངས་ཀྱི་བཟའ་བཏུང་ཕྱོགས་སྟོན(2022)》གྱི་ནང་དུ་གྲོས་གཞི་བཏོན་ཡོད་དེ།མི་དར་མ་རྣམས་ཉིན་རེར་གོམ་པ6000རེ་འགྲོ་བ་དང་། རྒན་པ་རྣམས་ཉིན་རེར་གོམ་པ6000ནས8000རེར་འགུལ་སྐྱོད་བྱས་པས་ཆོག གོམ་པ6000ནི་སྨི་སྟོང3ནས4ཡི་བར་ཐག་ཙམ་ཡིན་ལ་འགུལ་སྐྱོད་བྱེད་ཡུན་དུས་ཚོད་སྐར་མ30ཙམ་ཡིན་པས། རྒན་པ་རྣམས་ཀྱི་ལུས་པོའི་གཞི་རྩའི་འགུལ་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ་བོ། །

འབྲེལ་ཡོད་ཤེས་བྱ།

        1.མགྱོགས་བགྲོད་བྱེད་པའི་སྐབས་སུ། ཐོག་མར་དལ་མོར་སོང་ནས་ལུས་པོ་དྲོས་རྗེས་ད་གཟོད་རིམ་གྱིས་གོམ་པ་ཇེ་མགྱོགས་སུ་བཏང་སྟེ། ལུས་སྦྱོང་ལས་ལུས་པོར་གནོད་འཚེ་ཐེབས་པར་གཡོལ་དགོས།

        2.ལུས་སྦྱོང་བྱེད་སྐབས་རིམ་པ་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ལུས་སྦྱོང་གོམས་གཤིས་ཆགས་མེད་པའི་མི་ལ་མཚོན་ན་ལྷག་ཏུ་དེ་ལྟར་རོ། ། ཐོག་མར་ལུས་སྦྱོང་སྟབས་བདེ་ནས་མགོ་བརྩམས་ཏེ་རིམ་གྱིས་ཇེ་མང་དང་ཇེ་དྲག་ཏུ་གཏང་དགོས།

        3.ཐོག་མར་ས་བདེ་མོར་རྐང་ཐང་དུ་འགྲོ་བ་ལས། རི་མགོར་འགོ་བ་དང་རྡོ་སྐས་སྟེང་འགོ་བ་སོགས་པུས་ཚིགས་ལ་གནོད་པའི་ལུས་སྦྱོང་བྱེད་མི་རུང་།

        4.རྐང་མགོར་ལྷམ་བདེ་མོ་གྱོན་པ་སྟེ། རྐང་ཐང་དུ་འགྲོ་བ་དང་བང་རྒྱུག་བྱེད་པའི་སྐབས་སུ་ལྷམ་མཐིལ་སྙི་མོ་ཅན་གྱོན་ཏེ། རྐང་པའི་ངར་ཚིགས་དང་པུས་ཚིགས་ལ་སྲུང་སྐྱོང་བྱ་དགོས།

        5.དུས་རྒྱུན་དུ་བརླ་ནང་ཉྭ་བཞིའི་བྱེད་ནུས་སྦྱོང་བརྡར་བྱས་ཏེ། པུས་ཚིགས་བརྟན་པོ་ཡོང་ཚད་ཇེ་དྲག་ཏུ་གཏོང་བ་དང་། པུས་ཚིགས་བཙིར་བརྡར་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། པུས་མོའི་ཕྲུམ་རུས་ལ་གནོད་འཚེ་ཐེབས་སུ་འཇུག་མི་རུང་ངོ་། །