རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-07   རྩོམ་ཁུངས།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
བོན་གྱི་ཐ་སྙད་རིག་གནས་ནི་བྱུང་བ་སྔ་ཞིང་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པས་དེའི་སྐོར་གྱི་ཡིག་ཆ་མི་ཉུང་བ་ཞིག་དཔེ་རྒྱུན་དཀོན་པོར་ཆགས་ཤིང་ད་ལྟ་སྟོངས་ལ་ཉེ་བའི་གནས་སུ་ལྷགས་འདུག དེ་བས་ཕྱོགས་ཡོངས་ནས་བོན་གྱི་ཐ་སྙད་རིག་གནས་སྐོར་གྱི་ཡིག་ཆ་འཚོལ་སྡུད་སྲུང་སྐྱོབ་དང་པར་སྐྲུན་ཞིབ་འཇུག་བགྱི་རྒྱུ་ནི་མིག་སྔའི་དགོས་གལ་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན། ད་རེས་བོན་གྱི་མཁས་དབང་རིན་བྱོན་གྱིས་མཛད་པའི་ཐ་སྙད་རིག་གནས་བདམས་བསྒྲིགས་ཀྱི་དཔེ་ཚོགས《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ཅེས་པ་འདི་ནི། ལོ་མང་ལ་བོད་ཀྱི་གནའ་དཔེ་དག་སྒྲིག་པར་སྐྲུན་གྱི་ལས་ཀ་གཉེར་བའི་རྩོམ་སྒྲིག་པ་བསོད་ལོ་དང་ཁྲི་བསོད་བསྟན་རྣམ་གཉིས་ཀྱིས་སྤྱི་ལོ2015ལོ་ནས་མགོ་བཟུང་སྟེ་ལོ་ངོ་བདུན་གྱི་རིང་ལ་བོད་ཡུལ་དུ་བཞུགས་སུ་གསོལ་བའི་ཐ་སྙད་རིག་གནས་སྐོར་གྱི་ཡིག་ཆ་ལག་ཏུ་ཆུད་ཚད་འཚོལ་སྡུད་དང་། དཔྱད་བསྡུར། དག་སྒྲིག་ཐེངས་མང་བགྱིས་མཐར་གྲུབ་པ་ཞིག་ཡིན། ནང་དོན་གཙོ་བོའི་ཐད་ནས་དག་ཡིག་གི་སྐོར་དང་བརྡ་སྤྲོད་ཀྱི་སྐོར། སྙན་ངག་གི་སྐོར། མངོན་བརྗོད་ཀྱི་སྐོར། ཞང་བོད་སྒྲ་བསྡེབས་ཀྱི་སྐོར་བཅས་སུ་དབྱེ་སྟེ་པོད་བཅུ་གཉིས་ཅན་གྱི་བདག་ཉིད་དུ་གྲུབ་པར་བྱས་ཡོད།
དཔེ་ཚོགས་འདིའི་པོད་དང་པོ་ནས་པོད་གསུམ་པའི་བར་དུ་བོད་ཀྱི་བརྡ་བྱེ་བྲག་ཏུ་བཤད་པ་འཁྲུལ་སྤོང་སེལ་བ་དག་ཡིག་གི་སྐོར་ཡིན་ལ། པོད་འདི་དག་གི་ནང་དུ་སྟོན་པ་གཤེན་རབ་མི་བོའི་བཀའ་ལས་བཏུས་པའི་དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཆེན་ཡི་གེ་བྱུང་ཚུལ་དང་། ཡི་གེའི་རྣམ་གཞག ཡི་གེའི་ལེའུ། ཡི་གེའི་སྒྲ་ཡི་འབྱུང་གནས་སོགས་དང་། དུས་རབས་བཅུ་གསུམ་ནས་ཉི་ཤུའི་བར་གྱི་མཁས་པ་རྣམས་ཀྱི་སྙན་བརྒྱུད་དང་གཏེར་མ། དགོངས་རྩོམ་དུ་སོང་བའི་བརྡ་དག་རིག་པའི་བསྟན་བཅོས་སོགས་བསྡུས་ཡོད། པོད་བཞི་པ་ནས་དྲུག་པའི་བར་སྒྲ་སྦྱོར་རིག་པའི་ཕྱི་མོ་བརྡ་སྤྲོད་ཀྱི་སྐོར་ཡིན་ལ། དེ་དག་གི་ནང་དུ་རིག་འཛིན་ཀུན་གྲོལ་གྲགས་པ་དང་གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཉི་མ་བསྟན་འཛིན། ཡོངས་འཛིན་རྣམ་དག་འོད་ཟེར་སོགས་ཀྱི་བརྡ་དག་སུམ་ཅུ་ལྷག་བསྡུས་ཡོད། པོད་བདུན་པ་ནས་པོད་བཅུ་པའི་བར་རྒྱན་གསུམ་གསལ་བའི་བསྟན་བཅོས་སྙན་ངག་གི་སྐོར་ཡིན་ལ། པོད་དེ་དག་གི་ནང་དུ་ཞང་བོད་གྲུབ་ཆེན་བརྒྱད་ཅུའི་གྲས་ཀྱི་གསང་སྔགས་མ་རྒྱུད་སྒྲུབ་པའི་རྣལ་འབྱོར་པ་སྙན་ངག་ཚིག་གི་སྡེབ་སྦྱོར་ལ་མངའ་བརྙེས་པའི་མཁས་པ་ཆེན་པོ་གཙང་གཤེན་སྙན་ངག་རང་གྲོལ་གྱིས་མཛད་པའི་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་དང་དེའི་འགྲེལ་བ་མཛད་པ་པོ་རིག་འཛིན་ཀུན་གྲོལ་གྲགས་པ་སོགས་བོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་སྙན་གཞུང་བཅོ་བརྒྱད་ཙམ་མཆིས། པོད་བཅུ་གཅིག་པ་ནི་མིང་དང་གྲངས་ཀྱི་རྣམ་བཤད་གསལ་བར་སྟོན་པའི་མངོན་བརྗོད་ཀྱི་སྐོར་ཡིན་ལ། དེའི་ནང་དུ་སྙན་དངགས་མིང་གི་མངོན་བརྗོད་མཁས་པའི་མགུལ་རྒྱན་རིན་ཆེན་གཏེར་གྱི་ཕྲེང་བ་སོགས་མངོན་བརྗོད་ཀྱི་རིགས་བདུན་ཙམ་བསྡུས་ཡོད། པོད་བཅུ་གཉིས་པའི་ནང་དུ་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་སྒྲ་བསྡེབས་ཀྱི་སྐོར་དང་། བོད་ཀྱི་སྐད་བརྡ་སཾསྐྲྀ་ཏའི་སྐད་དུ་འགྱུར་བའི་སྐད་གཉིས་ཤན་སྦྱར་སོགས་ཀྱི་སྐོར་ཡིན། དེའི་ནང་དུ་སྟོན་པ་གཤེན་རབ་མི་བོའི་བཀའ་སྲིད་པའི་མཛོད་ཕུགས་ཀྱི་གཞུང་དང་། ཞུ་གཡས་ཉི་མ་གྲགས་པས་མཛད་པའི་ཞང་བོད་སྒྲ་བསྡེབས་དང་སྒྲའི་སྡེབ་སྦྱོར་མཐོང་བ་དོན་གསལ། གཞན་ཞང་ཞུང་སྐད་ཀྱི་སྒྲ་སྐད་བོད་ཡིག་ཏུ་བསྒྱུར་བའི་མཁས་པའི་གཙུག་རྒྱན། ཞང་ཞུང་གི་སྐད་བོད་སྐད་དུ་འགྱུར་ཚུལ། ཞང་བོད་སྐད་དོད་ཉུང་བསྡུས་སོགས་སྐད་གཉིས་བཤད་སྦྱར་གྱི་སྐོར་བཅུ་གཉིས་ཙམ་འདི་མཚོན་བྱར་གྱུར་ཡོད།
《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ནི་ལོ་རྒྱུས་རྒྱུ་ཆ་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་ཡིག་ཆའི་སྐོར་ཡིན་ལ། འདིའི་མ་ཕྱི་མང་ཤོས་ནི་དུས་ཡུན་རིང་པོ་འགོར་བའི་ལག་བྲིས་མ་ཡིན་པས་ཡིག་འབྲུ་མི་གསལ་བ་དང་ཤོག་ལྷེ་ཆད་པ་སོགས་ཀྱི་སྣང་ཚུལ་མང་བར་བརྟེན། པར་སྐྲུན་དག་སྒྲིག་གི་ཁྲོད་དུ་དཀའ་ལས་མི་ཉུང་བ་ཞིག་ལ་ཕྲད། ཆད་པ་ཁ་སྐོང་བའི་ཆེད་དུ་དཔེ་སྒྲིག་པས་རང་ནུས་ཅི་ལྕོགས་སྒོས་དཔེ་རྒྱུན་མི་འདྲ་བ་གང་ཡོད་ཐབས་བརྒྱ་ཇུས་སྟོང་གིས་འཚོལ་བསྡུ་བྱས་ཏེ་དཔེ་བསྡུར་བྱས་པ་དང་། ད་དུང་བོན་ཕྱོགས་ཀྱི་མཁས་པ་དག་ལ་བཀའ་འདྲི་བགྱིས་ནས་བོན་གྱི་གནའ་དཔེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྩི་འཇོག་བྱས་ཏེ། མ་ཕྱི་ངོ་མའི་རྣམ་པ་སོར་འཇོག་ཅི་ཐུབ་བྱས་ཡོད་པ་རེད།
《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་གནའ་དཔེ་པར་སྐྲུན་ལས་གཞི་རབས་དང་རིམ་པ་སྤེལ་བའི་ཁྲོད་ཀྱི་གྲུབ་འབྲས་ཡང་གཅིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཟོ་སྐྲུན་གྱི་དགོངས་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། མི་རིགས་རིག་གནས་རྒྱུན་འཛིན་དང་མི་རིགས་སྙིང་སྟོབས་དར་སྤེལ། དེ་བཞིན་བོད་ཡིག་དཔེ་རྙིང་འཚོལ་སྡུད་དང་ལེགས་སྒྲིག པར་སྐྲུན་ཞིབ་འཇུག་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཡིན། །