སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གི་རྣམ་པ་གསར་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་བ་དྲུག་པར།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་དུ་སོང་དུས་ཡུན་ནན་དང་སི་ཁྲོན་བར་གྱི་བགྲོད་ལམ་ནི་དར་གོས་ནག་པོ་དང་འདྲ་བར་གངས་རིའི་གྲོག་རོང་དུ་ལྷབ་ལྷུབ་ཏུ་གཡོ་བ་དང་ཕར་འགྲོ་ཚུར་འོང་བྱེད་པའི་ཞིང་སྤྱོད་རླངས་འཁོར་དང་། སྒེར་གྱི་རླངས་འཁོར་སོགས་རྒྱུན་མི་ཆད་པ། དྭངས་ཤིང་གཙང་བའི་གཏེར་མ་རོང་ཆུ་བོའི་རྦ་རླབས་ལྷབ་ལྷུབ་ཏུ་གཡོ་བ་དང་། གནམ་སྔོན་པོ་དང་སྤྲིན་དཀར་པོ། གངས་རི། ཆུ་བོ་བཅས་ལྟ་ན་སྡུག་པའི་གྲོག་རོང་གི་མཛེས་ལྗོངས་མིག་ལམ་དུ་མངོན་ཐུབ་པས་གནས་སྡོད་དང་ལས་རིགས་འཚམ་པའི་གྲོང་གསེབ་ཀྱི་རི་མོ་ཞིག་དལ་བུར་བཀྲམ་ཡོད།

        ཉེ་བའི་ལོ་འགའི་རིང་།  གཏེར་མ་རོང་ཤང་གི་ལས་བྱེད་པ་དང་མང་ཚོགས་ཁག་གིས་གོང་འོག་བློ་གཅིག་སེམས་གཅིག་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་"དོན་ཚན་ཆེན་པོ་བཞི་"དམ་འཛིན་བྱས་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྨང་གཞི་བརྟན་དུ་གཏོང་བ་དང་། ཐོན་ལས་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་བ། དམངས་འཚོ་འགན་སྲུང་གི་སྲུང་ཡོལ་བརྟན་དུ་གཏོང་བ། གཞི་རིམ་བཅོས་སྐྱོང་གི་ཁ་ཕྱོགས་བརྟན་དུ་གཏོང་བ་བཅས་བྱས་ཏེ་གཏེར་མ་རོང་ཤང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།


རྨང་གཞི་སྔོན་ལ་འཇོག་པས་རི་གྲོང་གི་རྣམ་པ་གསར་དུ་བསྒྱུར་བ།
        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་"བྱང་སྒོ་ཆེན་པོ་"ཡིན་པའི་ངོས་ནས་གཏེར་མ་རོང་ཤང་དུ་གངས་རི་དང་གྲོག་རོང་འཕྲེད་གཞུང་དུ་གནས་པས་འགྲིམ་འགྲུལ་སྟབས་མི་བདེ་བ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩ་ཡིན། གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་གཏེར་མ་རོང་ཤང་གིས་"གྲོང་ཚོ་ཚང་མར་བགྲོད་ལམ་ཤར་གཏོང་ཐུབ་པ་"ནས་"ཚོགས་ཆུང་ཚང་མར་བགྲོད་ལམ་ཤར་གཏོང་ཐུབ་པའི་"བར་མཆོང་སྐྱོད་བྱུང་ཡོད།

        ལོ་ལྔའི་གནད་སྨིད་དབུལ་སྐྱོར་ལས་ཀ་སྤེལ་བའི་རིང་། གཏེར་མ་རོང་ཤང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.25བཏང་ནས་གྲོང་གསེབ་ཀྱི་བགྲོད་ལམ་དང་། རླུང་འཕྲིན་བརྙན་འཕྲིན། བྱེད་སྒོ་ཁང་། ལག་རྩེད་སྤོ་ལོ་ཐང་། གསང་སྤྱོད། ཉི་ནུས་ལམ་སྒྲོན། གད་སྙིགས་མེར་སྲེག་རྫིང་བུ་སོགས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཡོད།  དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སྤེལ་ཚུན་གཏེར་མ་རོང་ཤང་གིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཞན་ཆ་གསབ་པ་དང་།  དཀའ་གནད་སེལ་བ་སོགས་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་བཏང་ཡོད།  2022ལོར།  གཏེར་མ་རོང་ཤང་གིས་ཁྱོན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་26ལག་བསྟར་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1753.136བཏང་ཡོད་པ་རེད།


ཐོན་ལས་དར་རྒྱས་བྱུང་ནས་མང་ཚོགས་ཀྱི་འབབ་འཕར་ཕུགས་འདུན་མངོན་འགྱུར་བྱུང་བ།
        གཏེར་མ་རོང་ཤང་གི་ས་བབ་མཐོ་ཙམ་ཡོད་པ་དང་རི་ཁྲོད་དུ་གནས་ཡོད་པས་སྔོན་ཆད་གྲོང་མི་ཚོའི་འདེབས་འཛུགས་ཀྱི་གྲུབ་ཆ་སྣ་གཅིག་ཡིན་པ་དང་ཁྱད་ལྡན་ཐོན་རྫས་དཀོན་པ་མ་ཟད། གྲོང་མི་མང་ཆེ་བའི་ཡོང་འབབ་དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་ནགས་ཁྲོད་ཐོན་ཁུངས་སྔོག་འཐུ་བྱེད་པར་བརྟེན་དགོས་པས་ཡོང་འབབ་བརྟན་པོ་མེད་པ།  ད་ལྟར་གཏེར་མ་རོང་ཤང་གི་གྲོང་མི་ཚོ་ཆུང་ཁག་ཏུ་གཏེར་མ་རོང་གི་བྱ་དང་བོད་ཕག  ལི་གྲོ།  རྒུན་འབྲུམ་སོགས་ལེགས་ཆ་ལྡན་པའི་གསོ་ཚགས་འདེབས་འཛུགས་ལས་རིགས་ཁག་གཅིག་གང་སར་ཁྱབ་ཡོད་པ་དང་། མང་ཚོགས་སྣེ་ཁྲིད་དེ་འབབ་འཕར་ཡོང་བ་བྱེད་པའི་མཉམ་སྡེབ་དཔལ་འབྱོར་དང་། མཉམ་ལས་ཁང་། ཀུང་སི་བཅས་ཀྱི་སྟོབས་ཤུགས་གསར་པ་ཐོན་ནས་གྲོང་ཚོ་ཚང་མར་ཐོན་ལས་ཡོད་པ་དང་ཞིང་དུད་ཚང་མར་འབབ་འཕར་ཡོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
        ལོ་ལྔའི་གནད་སྨིད་དབུལ་སྐྱོར་ལས་དོན་སྤེལ་རིང་། གཏེར་མ་རོང་ཤང་གིས་“སྤྱི་ཁྱབ་ཀྲི་པུའུ་+མཉམ་ལས་ཁང་+ཞིང་དུད་”ཀྱི་བྱེད་སྟངས་ལ་བརྟེན་ནས་མང་ཚོགས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་། གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་བཙུགས་ནས་མ་དངུལ་སྒོར་ཁྲི་500བཏང་སྟེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བར་ཡོང་འབབ་མཐོ་ཤོས་སྒོར་ཁྲི་9བྱུང་བ། ཐོན་ལས་འཁོར་རྒྱུག་མ་དངུལ་སྒོར་ཁྲི་251བཏང་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་རོགས་རེས་མ་དངུལ་སྒོར་ཁྲི་180བཏང་བ།  ལོ་ལྔའི་རིང་ཤང་ཁོངས་ནང་གི་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་ཁག་ལ་ཁྱོན་བསྡོམས་ཁ་གསབ་རོགས་དངུལ་སྒོར་ཁྲི་1312.897སྤྲད་ཡོད།

        ཐོན་ལས་ནི་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་ཆེ་ཤོས་ཡིན་ལ། གཏེར་མ་རོང་ཤང་གི་ཤང་ཀྲང་སྐལ་བཟང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན་གྲོང་གསེབ་དར་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་གསལ་པོ་ཤེས་པ་དང་། མིག་སྔར་གཏེར་མ་རོང་ཤང་གིས་དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་གཙོ་བོར་བྱས་པའི་ནགས་ཁྲོད་ཐོན་ཁུངས་དཔལ་འབྱོར་རྒྱུན་མཐུད་ངང་སྲ་བརྟན་ཡག་པོ་བཏང་ནས་རྒུན་འབྲུམ་དང་ཀུ་ཀུ་ཤ་མོ་སོགས་ཀྱི་ཁྱད་ལྡན་གསོ་ཚགས་ཀྱིས་གཙོ་ཁྲིད་བྱེད་པའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།  གྲོག་རོང་གི་ཡུལ་སྲོལ་གོམས་གཤིས་དང་གངས་རིའི་གླག་རྒོད་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་གཏེར་མ་རོང་ཤང་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་ས་གནས་ཀྱི་ཐོན་ལས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་བཞིན་ཡོད་པ་རེད།


དམངས་འཚོ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།

        ཉེ་བའི་ལོ་ཤས་རིང་གཏེར་མ་རོང་ཤང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་ལེན་བྱ་གཞག་བཅས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་ནས་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་སྲ་བརྟན་དང་ལག་བསྟར་བྱས་པ། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་དང་། མི་རིགས་ཀྱི་སྨན་བཅོས་འཛུགས་སྐྲུན་དང་དམངས་ཡོངས་ཀྱི་བདེ་ཐང་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་བ། ཡོང་འབབ་དམའ་བའི་མི་ཚོགས་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རྩའི་རྒན་གསོ་དང་སྨན་བཅོས། ཕྲུ་གུ་སྐྱེ་བ། ལས་ཤོར་སོགས་ཀྱི་འགན་བཅོལ་འགན་སྲུང་བྱ་དགོས་རིགས་འགན་སྲུང་གང་ཐུབ་བྱ་རྒྱུ་དོན་འཁྱོལ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་གཟིགས་སྐྱོང་ལམ་ལུགས་དོན་འཁྱོལ་བྱེད་པ། གྲོང་ཚོ་དང་ཚོགས་ཆུང་གི་རིག་གནས་བྱེད་སྒོའི་གཡུལ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་མགྱོགས་སུ་གཏོང་བ། ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ཏུ་དར་སྤེལ་གཏོང་བ་དང་ཡ་རབས་སྲོལ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ།


ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་དང་ཞི་མཐུན་གྱི་གཏེར་མ་རོང་བཏོད་པ།
        གཏེར་མ་རོང་ཤང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ལས་དོན་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་དམིགས་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ཡོད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་ཏང་ཡོན་ལ་དོ་དམ་དང་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་གི་ལས་དོན་སྒྲུབ་མཁན་གྱི་ལས་སྒོ་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་གོང་བུར་འགྲིལ་བ་དང་། ཞབས་ཞུ། རྩ་འཛུགས། དྲིལ་བསྒྲགས་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་ཀར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ།  ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། རྩ་འཛུགས་ཀྱི་ཁེབས་ནུས། མང་ཚོགས་ཀྱི་གོང་བུར་འགྲིལ་ཤུགས། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས། རང་གིས་རང་གསར་བཅོས་བྱེད་ཤུགས་བཅས་ཆེ་རུ་གཏོང་བ་དང་གསར་གཏོད་བྱེད་པར་ཤུགས་རྒྱག་པ་དང་། ཏང་འཛུགས་སྐྱོང་གིས་"བརྟན་ལྷིང་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་"འདུ་ཤེས་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་ཡུན་ཕན་ལམ་སྲོལ་འཛུགས་པའི་ཐད་ཤུགས་རྒྱག་པ་བཅས་བྱེད་ཡོད།