བོད་ཀྱི་ཤོམ་པའི་འགྲན་སྡུར་དང་དངོས་མིན་རྒྱན་གོས་རིག་གནས་དུས་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-30   རྩོམ་ཁུངས།    ཀན་ལྷོ་རྒྱང་བསྒྲགས་བརྙན་འཕྲིན།

ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། ཀན་ལྷོ་ཁུལ་བསང་ཆུ་རྫོང་གི་ཡུལ་སྐོར་རིག་གནས་ཁྱབ་བསྒྲགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། མི་རིགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་རྩ་བའི་དམིགས་ཡུལ་དུ་བཟུང་ནས།  བོད་འབྲེལ་ས་ཆ་དང་ནང་སྒོས་སུ་ཀན་ལྷོའི་ས་གནས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་དངོས་མིན་རྒྱན་གོས་རིག་གནས་འགྲེམས་སྟོན་བྱས།


        


         ཐེངས་འདིའི་ཤོམ་འགྲོ་འགྲན་སྡུར་དེ་ཕ་ཡུལ་དང་རྒྱང་རིང་ཞེས་པའི་འགྲན་རིམ་གཉིས་སུ་བགོས་འདུག་ལ། འགྲན་རིམ་དང་པོར་ཕ་ཡུལ་དུ་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་འགྲེམས་སྟོན་དང་།  འགྲན་རིམ་གཉིས་པར་རྒྱང་རིང་དུ་དེང་རབས་ཀྱི་དར་སྲོལ་དང་མཐུན་པའི་རྒྱན་གོས་འགྲེམས་སྟོན་བྱས། འདི་ལས་གནའ་དེང་ཟུང་འབྲེལ་གྱི་རིག་གནས་ཁྱད་ཆོས་ཤིག་མངོན་པ་མ་ཟད། བོད་ཀྱི་རྒྱན་གོས་ལ་སྲོལ་རྒྱུན་རྩ་བ་མ་བོར་བའི་རྨང་གཞིའི་སྟེང་ནས་དུས་རབས་དང་མཐུན་པའི་མཛེས་པ་སྤྲས་དགོས་པ་དང་། རིག་གནས་འདི་ཕ་ཡུལ་ནས་ལམ་ལ་ཆས་ཏེ་མ་འོངས་པར་འཛམ་གླིང་གི་གར་སྟེགས་སུ་བསྐྱོད་དགོས་པའི་ཕུགས་བསམ་དང་ཁ་ཕྱོགས་ཤིག་ཀྱང་མཚོན་ཡོད།


ཐེངས་འདིའི་བྱེད་སྒོ་རུ་འགྲན་ཞུགས་ཤོམ་པ49དང་གདན་ཞུའི་ཤོམ་པ16བཅས་ཁྱོན་ཤོམ་པ་65ཡོད།  ལུས་ལ་མི་རིགས་དང་ས་གནས་ཀྱི་གཟབ་མཆོར་སྤྲས་ཤིང་། གདོང་དུ་དགའ་བའི་འཛུམ་དང་རྫིག་པའི་ཉམས་མངོན་པར་བཏོད་ཡོད། ཤོམ་པ་ཚོའི་བརྗིད་པའི་གོམ་དང་ལྡེམ་པའི་འགྲོས།  དྲེག་པའི་ཚུལ་དང་སྒེག་པའི་ལུས། དཔའ་བའི་གདེངས་དང་བྱམས་པའི་ཉམས་ཀྱིས་ཁྲོམ་ཆེན་ཟིལ་གྱིས་མནན་པས་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་པ་དང་། འགྲན་ཞུགས་པ་མི22ལ་རེ་རེ་བཞིན་ཨང་རིམ་ལྟར་བྱ་དགའ་བྱིན།

བོད་ཤོམཔའི་བོད་པའི་ཤོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན།ནོར་བུ།

བོད་པའི་ཤོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་མཁན། དཀོན་མཆོག་ཚུལ་ཁྲིམས། 

བོད་པའི་ཤོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ་མཁན། བསོད་ནམས་སྒྲོལ་མ། 

    རྒྱན་གོས་ནི་རིག་གནས་དང་ལོ་རྒྱུས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། དེ་ནི་མི་རིགས་གང་དང་ས་གནས་གང་དེའི་འདས་མ་ད་གསུམ་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཡིན། བོད་འབྲེལ་ས་ཆ་དང་ནང་སྒོས་སུ་ཀན་ལྷོའི་བོད་ཀྱི་རྒྱན་གོས་ནི་ལོ་རྒྱུས་རྒྱུན་རིང་ཞིང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ།གོན་པའི་རིགས་སྣ་ཕུན་སུམ་ཚོགས་པའི་དངོས་མིན་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གལ་ཆེན་ཞིག་ཡིན་པས།རིག་གནས་འདིར་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་ཞིང་དེང་རབས་ཀྱི་མཛེས་དཔྱོད་དང་མཐུན་པ། དུས་རབས་ཀྱི་དར་སྲོལ་ལའང་བསྟུན་པ་བྱས་ཏེ་རྒྱུན་འཛིན་གྱི་ཁྲོད་ནས་གསར་གཏོད་དང་། གསར་གཏོད་ཀྱི་ཁྲོད་ནས་རྒྱུན་འཛིན་བྱ་དགོས་པ་ཞིག་རེད། 


ཤོམ་པའི་འགྲན་སྡུར་ལས་གཞན་བདེ་སྐྱིད་ཚེ་རིང་དང་ཚེ་དབང་ལྷ་མོ།  ཐང་དཀར་རོལ་ཚོགས་སོགས་ཀྱིས་སྙན་མོ་གླུ་ཡི་མཆོད་པ་ཕུལ་བ་དང་། ཛ་དྲག་ཆེ་བའི་འགྲན་སྡུར་དང་སྙན་མོ་གླུ་ཡི་མཆོད་པ། བྱ་དགའ་གནང་བའི་གོ་རིམ་བཅས་རེ་རེ་བཞིན་བརྒྱུད་ཚར་རྗེས་ཚང་མའི་་མཉམ་པར་དང་བཅས་བྱ་འགུལ་གྱི་མཇུག་ཡོངས་སུ་བསྡུས།།