ན་གཞོན་རྩོམ་པ་པོ་​ཡེ་ཤེས་དབང་འདུས་ཀྱི་སྙན་རྩོམ་ཁག་ལྔ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སྙན་རྩོམ་ཁག་ལྔ།

ཡེ་ཤེས་དབང་འདུས། (བདེ་ཆེན།)




         སྣང་བ་ཐར་ཐོར།(1)

དོ་ནུབ་ས་གནས་འདིར་མེ་ཏོག་འབབ་བཞིན་འདུག

འབྲི་ཤོག་གི་མཚར་སྡུག་དབུས་སུ་མེ་ཏོག་གི་རྒྱ་མཚོ་འཁྱིལ

ནམ་ཟླ་འཁྱག་ཀྱང ཧ་ཅང་དྲོད་པའི་གཞས་ཤིག་གྱེར་འདོད

དེ་ནི་ཐག་རིང་གི་རྨི་ལམ་ལ་རེ་བའི་འགྱུར་ཁུགས་བརྟན་པོ་ཞིག


སོ་སོའི་ལམ་ཁར་འདུས་དུས

སེམས་ཀྱི་ལག་འཇུའི་སྐལ་ལ་བབས

ས་གཞིའི་གྲུབ་པ་དག་ལ་དོགས་སློང་གི་ཤིང་ཐག་འཁྱུད་པས

ནམ་མཁའ་རྒྱ་ཇེ་ཡངས་སུ་འགྱུར

རྒྱ་མཚོའི་ནང་གི་གྲུ་གཟིངས་མཐོང་མྱོང་ངམ

ཨ་སྔོན་ལ་དོ་བའི་རྒྱ་མཚོ་ཡི་ངོས་སུ

མི་ཞིག་གི་འཁོར་བ་བསྐྱོད་པ་བཞིན

ཡུལ་གྲུ་དང་ཡུལ་གྲུ ཚེ་རབས་དང་ཚེ་རབས་ཀྱི་བར་ན་བརྒལ་ཀྱིན་འདུག


གདངས་དབྱངས་འཁྱག་པ་ཞིག་ལ་མེ་ཞིག་བཏང

ས་རྒོད་འདི་ན་འོད་གསལ་གསལ་དུ་མཆེད་དུསམི་ཡི་སྙིང་ཚ་མོ་བཀལ་བའི་འོད་དེ ལམ་ཆག་གསར་བ

དེ་དག་ཐིག་ཏུ་སྦྲེལ་ཏེ་གཏམ་རྒྱུད་ཀྱི་ང་རོ་ལ་བསྒྱུར

རི་བོ་དང་གཙང་པོ ས་ཞིང་དང་རྒྱ་ལམ

རྨི་ལམ་གྱི་རེས་འཁོར་དུ་ཁྲིད་པས

ང་ནི་ཁྱོད་ཀྱི་སྙིང་ཉེ་བའི་ཕ་ཡུལ་ན་འཚོ་འདོད།


ཚངས་དབྱངས་རྒྱ་མཚོ།(2)

ན་བུན་ཞེས་པའི་ཡོ་ལང་ཆེན་པོ་མེད་པའི

གསལ་ལམ་ལམ་དུ

ཀྲང་ངེར་ལངས་པའི་ཤར་རི་ཡི་རྩེ་མོ་ལ

རྒྱབ་གཟུགས་དམར་པོ་ཞིག་གིས་མིག་ཟུང་བསྒུལ


སྤྲིན་གྱི་ཁྲུང་ཁྲུང་མཁའ་རུ་འཕངས་ཏེ

ཤེལ་གྱི་ཟླ་བའི་དཀྱིལ་ལ་ཕོག

མིག་གི་སྒྲོམ་དུ་རི་མོ་གྲུབ་པའི

མགུར་གླུ་ཞིག་གི་སྣང་བརྙན་ཐར་ཐོར

སེམས་ཀྱི་མེ་ལོང་དུ་ཤར་ལགས


འཆར་ཀ་དམར་པོའི་རྟེན་འབྲེལ་གྲུབ་དུས

རི་བྲག་དཀར་གཟར་བོའི་རྩེ་མོར་ཀེར་ཀེར་དུ་འགྲེང་བའི

མི་མོའི་སྙིང་ཁམས་བསྒུལ་བའི་རྒྱབ་གཟུགས་དམར་པོ

དར་ལྕོག་རླུང་གིས་བསྐྱོད་པ་ལྟར

སྤྲིན་པ་དེངས་པའི་སྐལ་དང་དུ

རྒྱང་མིག་གི་ནང་དུ་ཡམ་མེ་ཡོམ་མེ་བྱེད



ག་ལེར་འཕུར་དང་།(3)

དྭངས་གཙང་གི་ཆུ་བོ་བརྒལ་རྗེས

གཤོག་ཟུང་རྒྱས་དུས

ས་རྡུལ་འཚུབ་པའི་ཡོ་ལང་གི་ཁྲོད་དུ

ཆར་ཤག་མེད་པའི་ནུབ་ཁའི་མཚམས་སྤྲིན་ནང་ནས

ག་ལེར་འཕུར་དང


རི་ཚོགས་དག་གི་རྩེ་མོས

རྒྱང་རིང་གི་སྣང་བ་སྟེར་བྱུང

ངའི་སེམས་སུ་ས་གཡོ་བརྒྱབ་བྱུང

ངའི་སེམས་ཀྱི་བྱ་ལགས་ཏེ

གཡོ་འགུལ་གྱི་ཁྲོད་དུ་སྤྲིན་རིམ་གྱིས་མནན་སོང

མཐོང་ལམ་བསྒྲིབས་པའི་སྤྲིན་རིམ་ནང་ནས

ག་ལེར་འཕུར་རོགས

སྙིང་ལགས




བདེ་སྐྱིད་གྲོང་།(4)

ང་རང་རྒྱུ་སའི་ལམ་བུ་འདི་ཐག་རིང་སོང

དེ་བས་ང་བདེ་སྐྱིད་གྲོང་དུ་མ་ཐོན


འུར་ཟིང་གིས་རླབས་རིམ་འཕེལ་ལ

མུན་ནག་འདི་གློག་སྒྲོན་གྱིས་གསོལ་པའི་མཚན་མོར

རྐང་ཟུང་ངལ་དུབ་ཀྱིས་འཁུམས་ཏེ

ལམ་བར་ཁྱི་རྒན་གྱི་ཟུག་སྐད་དང

རླངས་འཁོར་ཕར་ཚུར་དུ་རྒྱུ་པའི་ཤག་ཤག་གི་སྒྲ་ནི

དེ་བས་ཀྱང་གསལ་ལྷང་ངེར་རྣ་ཟུང་གིས་ཐོས་ཡོང


མིག་ཟུང་བཙུམས་དུས

ང་ཡི་རྣམ་ཤེས་ནི་བདེ་སྐྱིད་གྲོང་དུ་ཐོན་ལ

བདེ་སྐྱིད་གྲོང་གི་དགའ་མ་དང་སྙིང་གཏམ་གླེང

དོན་དུ      ང་ཡི་དབང་པོ་འཇིག་རྟེན་གྱི་ཕྱོགས་བཞིར་ཐོར་ཏེ

ང་ཡི་བདེ་སྐྱིད་ཀྱི་མཚན་ཉིད་བན་མ་བུན་ལ་བཏང་འདུག



མེ་ལ་བཅོལ་ན།(5)

ཉི་འོད་ཀྱིས་ལུས་ཕུང་ས་གཞིར་བརྡབ་དུས

ཁྱོད་དང་ངའི་ཕུང་བོ་བར་གྱི་མེ་སྟག་གི་ཚག་སྒྲ་དེ་དག་གིས

ཁ་སང་དང་དེ་རིང་མེ་ལ་བཏང


བྱེ་ཐང་གི་ཆོ་ངེས   

སེམས་ཀྱི་བརླན་གཤེར་ཁྱེར་བཞག

ངས་ནང་སེམས་ཀྱི་བྱེ་མ་སྤར་གང་གནམ་ལ་གཏོར་ཆོག

ངས་ནང་སེམས་ཀྱིས་མ་ཐེག་པའི་སྡུག་བསྔལ་འདི་དག

དམར་ལམ་ལམ་གྱི་མེ་ཕུང་ལ་བསྲེག་ཆོག