བྱིས་པ་ཁ་པར་རྩེ་རྒྱུར་དགའ་བ་དེ་བྱིས་པ་ཁོ་ནའི་སྐྱོན་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-20   རྩོམ་ཁུངས།    中央广播电视总台藏语

        ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཐོག པའེ་ཡན་སུང་གིས་བྱིས་པས་ཁ་པར་བརྩེས་ནས་གཡེང་བའི་སྐོར་གྱི་ཆ་འཕྲིན་གལ་ཆེན་ཞིག་སྤེལ་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། དབྱར་གསེང་བཏང་བ་དང་བསྟུན། ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ཁ་པར་ལ་གཡེང་བའི་གནད་དོན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད།   པའེ་ཡན་སུང་གིས་བཅར་འདྲི་དང་ལེན་བྱེད་སྐབས་གནད་དོན་དེའི་ཐད་ལ་རང་ཉིད་ཀྱི་ལྟ་བ་བརྗོད་པ་མ་ཟད་གནད་དོན་ཐག་གཅོད་ཀྱི་རིག་ལམ་ཀྱང་གསུངས་ཡོད།

       པའེ་ཡན་སུང་གིས་ཐོག་མར་ལག་ཐོགས་ཁ་པར་བརྩེས་ནས་གཡེང་སླ་བའི་ཡོངས་ཁྱབ་རང་བཞིན་ནན་བཤད་བྱས་ཡོད་དེ། ཁོང་གིས་བྱིས་པ་ཁོ་ན་མ་ཡིན་པར་86%ལས་བརྒལ་བའི་དར་མ་ཚོས་ཀྱང་དུས་རྒྱུན་དུ་དམིགས་ཡུལ་མེད་པར་ལག་ཐོགས་ཁ་པར་རྩེ་བཞིན་ཡོད་པ་རེད།  འདི་ནི་དུས་རབས་ཤིག་གི་སྣང་ཚུལ་དང་ཡོངས་ཁྱབ་རང་བཞིན་དུ་གནས་པའི་སྣང་ཚུལ་ཞིག་རེད། དེ་བས་ང་ཚོས་གནད་དོན་འདི་ལ་ཡང་དག་པའི་བལྟ་སྟངས་འཛིན་དགོས་པ་ལས་སྟབས་བདེའི་ངང་བཀག་འགོག་དང་འགག་པ་རྒྱག་རྒྱུ་མེད་ཅེས་གསུངས།

        འོན་ཀྱང་། པའེ་ཡན་སུང་གིས་ད་དུང་།  ང་ཚོས་འདི་ལྟ་བུའི་སྣང་ཚུལ་རྒྱ་ཡན་དུ་གཏོང་མི་རུང་བར་འོས་འཚམ་གྱི་བྱ་ཐབས་ལ་བརྟེན་ནས་གནད་དོན་འདི་ཐག་གཅོད་དགོས། ང་ཚོས་སློབ་གསོ་དང་ཁྲིད་སྟོན་ལ་བརྟེན་ནས་བྱིས་པས་རང་ཉིད་ཀྱི་ལག་ཐོགས་ཁ་པར་སྤྱོད་ཚུལ་ཤེས་རྟོགས་དང་དེ་ཚོད་འཛིན་བྱ་རྒྱུར་རོགས་རམ་བྱེད་དགོས་ལ།  དེ་དང་ཆབས་ཅིག་ཏུ། ཁྱིམ་བདག་གིས་ཀྱང་རང་དཔེ་གཞན་སྟོན་གྱིས་རང་ཉིད་ཀྱིས་ལག་ཐོགས་ཁ་པར་སྤྱོད་པའི་དུས་ཚོད་ཉུང་དུ་བཏང་ནས་བྱིས་པ་དང་འགྲོགས་འདྲིས་མང་ཙམ་བྱེད་དགོས་ཞེས་བརྗོད།

        པེ་ཡན་སུང་གིས་ད་དུང་། སྤྱི་ཚོགས་ལས་རིགས་སོ་སོས་མཉམ་དུ་གནད་དོན་དེར་དོ་ཁུར་བྱས་ནས་ཕྱོགས་མང་པོའི་ཐད་ནས་འགོ་བརྩམས་ཏེ་མཉམ་དུ་གནད་དོན་དེ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ཁོང་གིས་ང་ཚོས་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ནས་བྱིས་པ་ཚོ་ཕྱི་རོལ་ལ་རྩེད་འཇོ་རོལ་དུ་འགྲོ་བའི་བྱེད་སྒོ་དང་། ལུས་རྩལ་འགྲན་བསྡུར།  སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྤྱི་ཕན་བྱེད་སྒོ་སྣ་ཚོགས་ནང་མང་ཙམ་ཞུགས་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ནས་ཁ་པར་རྩེ་ཚད་ཉུང་དུ་གཏོང་དགོས་ཞེས་བཤད།  

        ཕྱོགས་བསྡོམས་བྱས་ནས་བཤད་ན། བྱིས་པས་ཁ་པར་བརྩེས་ནས་གཡེང་བ་ནི་སྤྱི་ཚོགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཞིག་རེད། ང་ཚོས་ཕྱོགས་མང་པོ་ནས་འགོ་བརྩམས་ཏེ་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས། དེ་བཞིན་མི་སྒེར་གྱི་སེམས་ཁམས་བདེ་ཐང་སོགས་རྒྱུ་རྐྱེན་མང་པོར་ཕྱོགས་བསྡུས་བསམ་གཞིགས་བྱས་ནས། ཁྱོན་ཡོངས་དང་ཕན་ནུས་ལྡན་པའི་ཐག་གཅོད་ཇུས་གཞི་ཞིག་གཏན་འབེབས་བྱ་དགོས་ལ། དེ་ལྟར་བྱས་ཚེ་ད་གཟོད་ང་ཚོས་བྱིས་པས་ཁ་པར་ཡང་དག་ངང་ཁ་པར་སྤྱོད་རྒྱུར་རོགས་རམ་བྱེད་ཐུབ་ལ།  ཁོང་ཚོར་ཚན་རྩལ་ལས་བྱུང་བའི་སྟབས་བདེ་ལོངས་སུ་སྤྱོད་དུ་འཇུག་པ་མ་ཟད་བདེ་ཐང་ངང་འཚར་ལོངས་དང་འཕེལ་རྒྱས་ཀྱང་འགྲོ་རུ་འཇུག་ཐུབ་ཞེས་གསུངས།