འཇིག་རྟེན་འདིར་འབད་མེད་ལྷུན་འགྲུབ་ཀྱི་ཁ་ཟས་ཤིག་ཡོད་མི་སྲིད།

རྩོམ་པ་པོ།   འབྲོག་སངས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2023-07-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 སྙིང་ཉེ་བའི་རྗོན། ཁོ་བོས་ཞལ་འདེབས་མང་པོ་མི་བྱེད་པར་གཏི་ཐུག་ཡིན་ཚུལ་གྱི་ངན་བཤད་པའི་གསར་འགྱུར་དེ་གོ་ཡོད། དེ་ལ་ཧང་སང་ཡ་ཅི་ཡང་མེད་དེ། གསར་འགོད་པ་དེ་དག་གིས་བདག་ལ་ངན་སྨད་བྱས་པར་ཚད་མེད་པས། དེ་ཚོའི་ཁ་ཅོལ་ལ་ཁོ་བོ་སྔར་ནས་འདྲིས་ཤིང་ལོབས་པར་གྱུར། དེ་དག་གིས་ཁ་དང་ཡི་གེས་ཚིག་མཚོན་ཅི་ཙམ་བཏབ་ཀྱང་རུང་། བདག་གིས་སྨྲ་བ་བསྡམས་ཏེ་གསལ་བཤད་ཅི་ཡང་མི་བྱེད་པའི་ཐབས་ཁོ་ནས་ལན་སློག་པར་བྱེད་དེ། རྒྱུ་མཚན་ཁོ་བོ་རང་ཉིད་ཀྱི་བསམ་ཚུལ་ལ་རྒྱུས་ཆེ་ཞིང་། རང་ཉིད་ཀྱི་ཁ་ཕྱོགས་མ་འཁྲུལ་བའི་དཔའ་གདེང་ཡོད་པས་ཡིན།

    རང་གི་ལམ་ཁ་རང་གིས་གཅོད་དགོས་པ་ལ་མི་སུ་ཡང་ཁྱད་པར་མེད་མོད། ཆེས་གལ་འགངས་ཆེ་བ་ནི་ལམ་དེ་རང་ཉིད་འགྱོད་པའི་གཞི་རུ་མི་འགྱུར་རྒྱུ་དེ་ཡིན། གཅིག་ཏུ་ན་གཏམ་རྒྱུད་འདི་བདག་ལ་ལག་པ་བཟེད་དེ་རང་དོན་འབའ་ཞིག་གཞོལ་མཁན་དག་ལ་ཁོ་བོས་ཁ་ཡ་མི་བྱེད་པའི་སྒྲུབ་བྱེད་དུ་འགྲོ་ངེས་ལ། ལྷག་ཏུ་བདག་རྒྱུ་ནོར་གསོག་པ་ལས་ཀྱང་སྦྱིན་པ་ལ་དོགས་ཟོན་ཆེ་བའི་རྒྱུ་མཚན་དུ་འགྲོ་སྲིད་སྙམ།

    གཏམ་རྒྱུད་ནི་འདི་ལྟ་སྟེ། ཞིང་པ་ཞིག་གིས་ཕག་པ་འགའ་གསོས་ཡོད་ཅིང་། ཉིན་གཅིག་ར་སྒོ་གཏད་རྒྱུ་བརྗེད་པས་དེ་རྣམས་རི་ལ་ཤོར། ཕག་པ་ཚོའི་རབས་འགའ་བརྗེས་རྗེས་དེ་དག་ཇེ་བས་ཇེ་གཏུམ་དུ་སོང་བ་དང་། མཐར་ལམ་འགྲོ་བ་དག་ལ་ཡང་གནོད་ཅིང་འཚེ་བའི་རྒྱུ་རུ་གྱུར།  ཚུལ་དེ་ཐོས་རྗེས་རྔོན་པ་བྱང་མ་འགས་གནོད་པ་དེ་བཟློག་སླད་དེ་རྣམས་འཛིན་པའི་གྲབས་གཤོམ་བྱས་ཀྱང་། སྒྱུ་དང་ཟོན་ཆེ་བའི་ཕག་པ་ཚོ་ནི་རྔོན་པའི་བློ་འོག་ཏུ་ཡེ་མ་ཚུད་དོ། ། རྗོན། ཕག་པ་དག་རང་མགོ་རང་ཐོན་དུ་སོང་བ་ནས་སྙིང་སྟོབས་དང་ཤེས་རབ་ཅན་དུ་གྱུར་པར་ལྟོས་དང་།

    ཉིན་ཞིག་རྒས་འཁོགས་ཤིག་གིས་ཤིང་རྟ་དྲུད་པའི་བོང་བུ་ཞིག་དེད་དེ་ཡུལ་དེར་སླེབས། ཡུལ་དེའི་མི་རྣམས་མཚར་སྣང་སྐྱེས་ཏེ། ཁྱོད་རང་གང་ནས་ཡོང་། ཅི་བྱེད་དུ་འགྲོ། ཞེས་དྲིས་པར་རྒན་པོས། ཁྱོད་ཚོར་ཕག་འཛིན་པར་རོགས་བྱེད་དུ་ཡོང་བ་ཡིན། ཞེས་ལན་གླན་པས་ཁོ་ཚོ་ན་རེ། རྔོན་པ་རྣམས་ཀྱིས་ཀྱང་མ་འཁྱོངས་པའི་ལས་དེ་རྒན་པོ་ཁྱོད་ཀྱིས་འཁྱོངས་རེ་སྐན། ཞེས་བརྙས་ཐབས་ཀྱིས་འཕྱ་ཁ་བཏང་། འོན་ཀྱང་ཟླ་ངོ་གཉིས་ཀྱི་རྗེས་སུ་རྒས་འཁོགས་དེས་མི་རྣམས་ལ། ཕག་པ་དག་རི་ཟོམ་གྱི་ར་བར་བསྐྱིལ་ཡོད་དོ་ཞེས་སྨྲས་པ་ན། ཡུལ་དེའི་མི་རྣམས་ཡ་མཚན་པར་གྱུར་ཏེ། དངོས་གནས་སམ། ཤིན་ཏུ་མཚར་བ་ལ་ཨང་། ཁྱོད་ཀྱིས་དེ་དག་ཇི་ལྟར་ར་བར་བཙུད་ཅེས་དྲིས་པར་རྒན་པོས། ཐོག་མར་དུས་རྒྱུན་ཕག་པ་རྣམས་ཀྱིས་ཟས་འཚོལ་བའི་གནས་བཙལ་ཏེ། ས་ཁོད་ཡངས་པའི་ཕྱོགས་སུ་སླུ་ཟས་ཉུང་ངུ་ཙམ་གཏོར། དང་པོ་ཙ་ན་དེ་དག་སྐྲག་ནས་འདྲོགས་མོད་ཀྱི། འབྲུ་རིགས་ཀྱི་དྲི་འཚོར་བས་ཕྱིར་ཞོགས་འོང་སྟེ་ཕག་པ་ཁ་ཐོན ་ཞིག་གིས་སླུ་ཟས་ཁམ་གང་ཟོས་རྗེས་གཞན་རྣམས་ཀྱིས་ཀྱང་དེ་བཞིན་ཟོས། དུས་དེ་ནས་བཟུང་ངས་ཕག་པ་དེ་དག་འཛིན་ཐུབ་པའི་ཡིད་ཆེས་གཏིང་ནས་རྙེད།

    ཕྱིའི་ཉིན་མོ་ཡང་འབྲུ་རིགས་ཉུང་ངུ་གཏོར་ཞིང་། དེ་དང་ཁྲུ་ཙེ་འགའི་སར་པང་ལེབ་ཅིག་བརྡབས། པང་ལེབ་དེ་ནི་ཁོ་ཚོར་མཚོན་ན་རྣམ་ཤེས་འཁྱམ་པོ་ཞིག་དང་གཉིས་སུ་མེད་པས་སྔངས་ནས་ཕྱིར་བྲོས་མོད། རིན་མི་དགོས་པའི་ཁ་ཟས་ལ་བྲིད་ཤུགས་ཤིན་ཏུ་ཆེ་བས། རིང་པོར་མ་ཐོགས་པར་ཕྱིར་ཞོགས་འོང་སྟེ་ཧབ་ཐོབ་བྱས། སྐབས་དེ་དུས་ཕག་པ་རྣམས་ཀྱིས་ཁོ་ཚོ་བདག་གི་ལག་ཏུ་ཚུད་ཟིན་པ་ཅི་ལ་ཤེས་ཨང་། དེ་ནས་བཟུང་ང་ལ་ཉིན་རེ་ཞིང་སླུ་ཟས་ཀྱི་མཐར་པང་ལེབ་གསར་བ་རེ་བརྡབ་རྒྱུའི་ཚེགས་ཙམ་ལས་མེད་པར་གྱུར་ཏོ། །

    དེ་རྗེས་ངས་ས་བྲུས་ཏེ་གྲུ་གར་ཀ་བ་ཞིག་བཙུགས། ཀ་བ་སོགས་གསར་དུ་བཙུགས་ཤིང་བརྡབས་པའི་འགྱུར་བ་ཕྲན་བུ་རེར་ཁོ་ཚོ་དལ་ཅིག་ལ་རྒྱང་དུ་འབྲོ་ཡང་། མཐར་ཕྱིར་ཡོང་སྟེ་འབད་མེད་ལྷུན་གྲུབ་ཀྱི་ཁ་ཟས་ལོངས་སུ་སྤྱོད། དེ་ལྟ་དེ་ལྟར་ར་བ་ཡོངས་སུ་གྲུབ་ཅིང་སྒོ་ཡང་ཚགས་སུ་ཚུད་པར་བྱས། རིན་མེད་ཀྱི་ཁ་ཟས་ལ་ལོབས་པའི་ཕག་པ་རྣམས་ཇི་མི་སྙམ་པར་ར་བར་འཛུལ། སྐབས་དེར་ངས་གློ་བུར་དུ་ར་སྒོ་ཁྲིགས་ཀྱིས་བརྒྱབ་སྟེ་འབད་མེད་ལྷུན་གྲུབ་ལ་གོམས་པ་དག་བདེ་བླག་ངང་ར་བར་བཙུད། 

    གཏམ་རྒྱུད་འདིའི་གབ་དོན་ནི་ཤིན་ཏུ་གོ་སླ་བ་ཞིག་སྟེ། སྲོག་ཆགས་གང་ཞིག་མིའི་སྦྱིན་པ་ལ་ལྟོས་པར་གྱུར་ནས་བཟུང་རིག་པ་རྡིབ་ཅིང་ཉེན་ཁའི་གནས་སུ་བཅར་བ་ཡིན། མིའི་རིགས་རང་ཉིད་ཀྱང་དེ་དང་ཀུན་ནས་མཚུངས་ཏེ། བརྒྱ་ལ་ཁྱོད་ཀྱིས་མི་ཞིག་ཞ་འཁུམས་སུ་གཏོང་བར་འདོད་ན། ལག་རྟེན་ཆ་གཅིག་སྤྲོད་ལ་ཟླ་འགར་བསྒུག་དང་རེ་འབྲས་དོན་སྨིན་འབྱུང་བ་གདོན་མི་ཟ། གཞན་དུ་ན། མི་ཞིག་ལ་ཡུན་རིང་ཙམ་དུ་འབད་མེད་ལྷུན་གྲུབ་ཀྱི་ཁ་ཟས་སྤྲོད་དང་། དེ་ལ་སྙོམ་ལས་ཀྱི་གཤིས་ཤིག་ངང་ངམ་གྱིས་འཇགས་ངེས་ཏེ། མི་ནི་ཨ་མའི་མངལ་ནས་བཟུང་གཞན་གྱིས་སྙོར་སྐྱོང་དགོས་པའི་རིགས་ཡིན་པ་ཤེས་པར་གྱིས། 

    ངས་ནམ་ཞར་ཡང་ཁྱོད་ཀྱིས་གཞན་ལ་རོགས་བྱེད་པའི་སྐུལ་མ་བྱེད་པ་བདེན་མོད། འོན་ཀྱང་ཁོ་བོས་རྟག་ཏུ་བཤད་པ་ཇི་བཞིན་ཁྱོད་ཀྱིས་གཞན་ལ་ཉ་ཞིག་བྱིན་པ་ནི་ཉིན་གཅིག་གི་ཁ་ཟས་སྤྲད་པ་ཙམ་དང་། ཉ་འཛིན་ཚུལ་བཤད་པ་ནི་ཚེ་གང་པོར་ཁ་ཟས་སྤྲད་པ་དང་འདྲ་བས། སྒོར་མོས་རམ་འདེགས་བྱེད་པ་ནི་ལོག་པའི་ལམ་ཞིག་སྟེ། དེས་གཞན་རྣམས་བརྩོན་པ་ལས་ཕྱིར་ཕྱོགས་པ་དང་གྲོན་ཆུང་གི་སྙིང་རུས་ལྷོད་ཅིང་འདོར་དུ་འཇུག་པར་མ་ཟད། སྒྱིད་ལུག་དང་ལེ་ལོའི་འདམ་རྫབ་ཏུ་གཡུགས་ལ། དེ་བས་ཀྱང་ཡ་ང་བ་ནི་ཁྱོད་ཀྱིས་གཞན་ལ་སྦྱིན་པ་གཏོང་སྐབས་མི་དེའི་རྩིས་ཐང་རྡོག་བརྫིས་བྱས་པ་ཡིན་ཞིང་ཁོ་པར་བདག་ཏུ་རུང་བའི་མདུན་ལམ་བཙན་གྱིས་འཕྲོགས་པ་ཞིག་ཀྱང་ཡིན་པས། ཁོ་བོས་དེ་ནི་ཡ་རབས་ཀྱི་ཚུལ་ལུགས་དང་རྦད་དེ་འགལ་བའི་ལས་ཤིག་ཏུ་འདོད་དོ། །

    ཕྱུག་བདག་ཅིག་ཡིན་པའི་ཆ་ནས་མིའི་རིགས་བདེ་སྐྱིད་ལ་དགོད་པའི་ལྷའི་ཕོ་ཉ་བྱེད་དགོས་པ་ལས། ལེ་ལོའི་སྲོལ་ངན་འབྱེད་པའི་ནག་ཅན་བྱེད་ག་ལ་ཉན། མི་ནི་བཟང་ངན་གང་ལ་གོམས་ཀྱང་རུང་སྟེ། ལོབས་ཤིང་གཤིས་སུ་འཇགས་པ་དེས་རྟག་ཏུ་བྲན་བཞིན་བཀོལ། འབད་མེད་ལྷུན་གྲུབ་ཀྱིས་རྒྱལ་ཁའི་སྐལ་བ་མེད་པར་བྱེད་པས། འབད་པ་བརྒྱ་ཕྲག་བསྟེན་པ་ནི་འཁྲུལ་བ་ཡེ་མི་མངའ་བའི་ལམ་མཆོག་ཉག་ཅིག་ཡིན་ཏེ། རྒྱལ་ཁའི་འབྲས་བུ་ལོངས་སུ་སྤྱོད་པ་ནི་ལས་ལ་འབད་པའི་རིན་གྱིས་ཉོས་ཤིང་། རྒྱུ་ནོར་དང་བདེ་སྐྱིད་ཀྱང་བྱ་བར་འགྲུས་ཤིང་བསྟུན་པ་བསྐྱེད་པ་ལས་བྱུང་བ་ཤ་སྟག་གོ །

    དེ་ཡང་། ཤིན་ཏུ་སྔ་མོའི་དུས་ཤིག་ན། བློ་གྲོས་ཅན་གྱི་རྒྱལ་པོ་བགྲེས་པོ་ཞིག་གིས་ཤེས་རབ་ཀྱི་བསྟན་བཅོས་ཤིག་ཕྱི་རབས་པར་སྐྱེས་སུ་འཇོག་སྙམ་ནས་བློན་པོ་རིག་པ་ཅན་རྣམས་གྲོས་སུ་བོས་ཏེ། ཤེས་རབ་མེད་པའི་ཀླད་གོག་ནི་སྒྲོན་མེས་སྟོངས་པའི་ལྒང་ཞུ་དང་མཚུངས་པས། བུ་དང་ཚ་བོའི་འབྱུང་འགྱུར་གྱི་ཆེད་དུ་མི་ཐོག་དུ་མའི་ཤེས་རབ་ཀྱི་བཅུད་འདུས་པའི་བསྟན་བཅོས་ཤིག་རྩོམས་ཤིག་ཅེས་བཀའ་བསྒོས། 

        བློན་པོ་རྣམས་ཀྱིས་རྒྱལ་པོའི་བཀའ་བཞིན་ཡུན་རིང་པོར་འབད་པ་བྱས་མཐར། སརྒ་བཅུ་གཉིས་ལས་གྲུབ་པའི་བསྟན་བཅོས་གཏོས་ཆེ་བ་ཞིག་བརྩམས་ཏེ། བདག་པོ་ཆེན་པོ། འདི་ནི་མི་ཐོག་དུ་མའི་ཤེས་རབ་ཀྱི་རེག་ཟིག་ཡིན་ནོ་ཞེས་སྤོབས་པ་དང་བཅས་སྨྲས། རྒྱལ་པོས་གཟིགས་ཙམ་མཛད་ནས། འདི་ནི་མི་ཐོག་དུ་མའི་ཤེས་རབ་ཀྱི་ཉིང་བཅུད་ཡིན་པར་བདག་སོམ་ཉི་མ་མཆིས་ཀྱང་། བམ་ཆེ་བ་འདི་ལས་གཞན་གྱིས་སྙིང་པོ་ཨེ་ལོན་ལ་སེམས་ཀྱི་དཔྱང་ཐག་མི་ཆོད་པས། ད་དུང་གནད་རྣམས་ཉིང་བསྡུས་གྱིས་ཤིག་ཅེས་བཀའ་སྩལ། ཡང་། བློན་པོ་རྣམས་ཀྱིས་འབད་པ་ཡུན་རིང་བསྟེན་ཏེ་སརྒ་གཅིག་ཏུ་བསྡུས་མོད། རྒྱལ་པོས་ད་དུང་ཡང་མང་བར་དོགས་ནས་ཉུང་ངུར་བསྡུ་རུ་བཅུག བློན་པོ་རྣམས་ཀྱི་གཏོས་ཆེ་བའི་བསྟན་བཅོས་དེ་རབ་བྱེད་གཅིག་ཏུ་བསྡུས་ཤིང་། དེ་ཤོག་ལྷེ་གཅིག་ཏུ་བསྡུས། དེ་ཡང་བརྗོད་པ་གཅིག་ཏུ་བསྡུས། མཐར་ཚིག་རྐང་གཅིག་ཏུ་མདོར་བསྒྲིལ་ཏོ། །

    བློ་གྲོས་ཅན་གྱི་རྒྱལ་པོ་དེས་ཚིག་རྐང་དེ་གཟིགས་པས་ཤིན་ཏུ་ཐུགས་ཚིམ་པར་གྱུར་ཏེ། བློན་ཆེན་རྣམ། འདི་ནི་ཏན་ཏན་མི་ཐོག་དུ་མའི་ཤེས་རབ་ཀྱི་བཅུད་ཕྱུང་བ་ཞིག་སྟེ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་གནས་པའི་མི་རྣམས་ཀྱིས་ཚུལ་འདི་རྟོགས་པར་གྱུར་ན། བདག་ཅག་གི་འགལ་རྐྱེན་བར་ཆད་བྱིངས་ནི་ཅིས་ཀྱང་བསལ་བར་ནུས་སོ་ཞེས་སྨྲས་ཤིང་། ཤེས་རབ་ཀྱི་བསྟན་བཅོས་དེའི་དབུའི་ལྡེབ་ངོས་སམ། ཡང་ན། མཐའི་ལྡེབ་ངོས་སུ་གསལ་བ་ནི་འཇིག་རྟེན་འདིར་འབད་མེད་ལྷུན་འགྲུབ་ཀྱི་ཁ་ཟས་ཤིག་ཡོད་མི་སྲིད་ཅེས་པ་དེའོ། ། 

    སུ་ཞིག་གིས་བྱ་གཞག་དང་སྙན་གྲགས་རྒྱས་པར་འདོད་ན་ལས་ལ་བརྩོན་པའི་དཀའ་སྤྱད་རིན་དུ་གཏོང་དགོས་ཏེ། དེ་ལྟར་འགྱུར་ན་མི་ཕལ་མོ་ཆེ་ལ་རེ་བའི་འབྲས་བུ་ཡོངས་སུ་སྨིན་ཅིང་དེ་དང་ཆབས་ཅིག་འཇིག་རྟེན་ཡང་སྔར་ལས་མཛེས་ཤིང་ཡིད་འཕྲོག་པར་འགྱུར། དེ་ལས་ལྡོག་སྟེ་འབད་མེད་ལྷུན་གྲུབ་ཀྱི་ཁ་ཟས་ལ་ལོབས་པའི་མི་དེས། དུས་ཀྱི་སྔ་ཕྱི་ཙམ་ལས་མ་སྐྱེད་གཉིས་ཀྱི་བུ་ལོན་ལྗིད་ཆེ་བ་དེ་འཇལ་དགོས་པ་ནི་གཡོལ་དུ་མེད་ལ། མི་ཞིག་འཚོ་ཞིང་གནས་པའི་ཉིང་དགོས་ཀྱང་རང་དང་ཡུལ་ལ་ཕན་པའི་ལས་རེ་བརྩམས་ཏེ། ཚེ་སྲོག་ལ་རྩིས་ཐང་ཡོད་པར་བྱེད་པ་ལས་གུད་དུ་མ་མཆིས་སོ།།   

       སྙིང་ནས་བརྩེ་བའི་ཕ་རྒན་གྱིས་ཕུལ།