དབྱར་གནང་སྐབས་བྱིས་པ་དྲ་ལམ་དུ་གཡེང་བ་ཇི་ལྟར་འགོག་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-26   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

དབྱར་གནང་བཏང་ཟིན། ད་ནི་ཁ་པར་རྩེད་ཆོག་གམ། བྱིས་པས་འདི་ལྟར་དྲིས་ན་ཁྱོད་ཀྱིས་ཇི་ལྟར་ལན་གདབ་རྒྱུ་ཡིན། ཁྱིམ་བདག་ཁ་ཤས་བྱིས་པར་སུན་སྣང་སྐྱེས་ནས་ཐད་ཀར་ཁ་པར་དང་གློག་ཀླད་ལག་ལ་བཞག་ནས་རྩེད་དུ་འཇུག་བཞིན་ཡོད།
ཁྱིམ་བདག་ཕལ་ཆེ་བ་དབྱར་གནང་སྐབས་སུ་བྱིས་པ་དྲ་ལམ་ལ་གཡེང་བར་ཧ་ཅང་སྐྲག་བཞིན་ཡོད། དེ་བས་གང་འདྲ་ཞིག་ལ་དྲ་ལམ་ལ་གཡེང་བ་ཟེར་བ་དང་། ཁྱིམ་བདག་གིས་བྱིས་པ་དྲ་ལམ་ལ་གཡེང་བ་ཇི་ལྟར་འགོག་ཟོན་དང་བརྡར་ཤ་གཅོད་དགོས།
གཅིག་ནི་བྱིས་པས་དུས་རྒྱུན་དུ།

གང་སར་དུས་ཚོད་བཏང་ནས་ནི།

རང་ཉིད་དབང་དུ་མི་ཡོང་བ།

དྲ་བར་མགོ་བོ་འཐོམས་པའི་རྟགས།

ལྷག་པར་གཞན་ལ་མི་སྤྲོ་པར།

དྲ་ཞུགས་མ་བྱས་སྡུག་པ་འཇིགས།
གཉིས་ནི་རྒྱུན་དུ་རྫུན་གཏམ་ནས།
རང་ཉིད་དྲ་ལམ་ལ་གཡེང་མེད་པར་བཤད།
གསུམ་ནི་དྲ་ཞུགས་དུས་ཚོད་རིང་དྲགས་ན།
རྒྱུན་ལྡན་གྱི་སློབ་སྦྱོང་དང་འབྲེལ་འདྲིས། འཚོ་བ་བཅས་ལ་གནོད་རྐྱེན་བཟོ་སྲིད།
དྲ་ལམ་ལ་གཡེང་དྲགས་ན་གནོད་པ་ག་ཚོད་ཡོད་དམ།
ཁྱིམ་བདག་མང་ཆེ་བས་བྱིས་པ་དྲ་ལམ་རོལ་རྩེད་ལ་གཡེང་བ་ན་སློབ་སྦྱོང་དང་མིག་དབང་། ལུས་ཕུང་བདེ་ཐང་སོགས་ལ་གནོད་པ་ཆེ་བས་སེམས་ཁུར་བྱེད་བཞིན་ཡོད་མོད། འོན་ཀྱང་། སྨན་པས་བཤད་པ་ལྟར་ན་གནོད་པ་འདི་འདྲའི་ཉུང་བ་ཞིག་ག་ལ་ཡིན།
དྲ་བར་གཡེང་དྲགས་ན་ལུས་ཕུང་སྦྱོང་བརྡར་མེད་པས་བྱིས་པར་ཡུ་ག་མེད་པ་དང་ཕུང་བོ་ཇེ་སྡུག་ལ་འགྲོ་བ། གཉིད་མི་བཟང་བ། རྣམ་རིག་གྲུང་བོ་མིན་པར་མ་ཟད། ཡིད་མུག་དང་སེམས་ཁྲལ་ཆེ་བ་སོགས་ཀྱི་གནོད་པ་ཡོད་པས་སློབ་སྦྱོང་དང་རྒྱུན་ལྡན་གྱི་འཚོ་བར་བར་ཆད་བཟོ་སྲིད།
དབྱར་གནང་སྐབས་སུ་བྱིས་པ་དྲ་ལམ་རོལ་རྩེད་དང་གཏན་དུ་བྲལ་འདོད་ན་ཁྱིམ་བདག་གིས་གཤམ་གྱི་དོན་དག5བསྒྲུབ་དགོས།

བྱིས་པ་ཁ་པར་རྩེད་པ་ནི།

འཚོ་བའི་ཁྲོད་ཀྱི་རྒྱུན་ལྡན་ཡིན།

གནས་ཚུལ་འདི་འདྲར་འཕྲད་དུས་སུ།

ཁྱིམ་བདག་གིས་ནི་དེ་ལྟར་གྱིས།

བྱིས་པ་དྲ་བར་གཡེང་བ་དོར།
གཅིག བྱིས་པ་དྲ་ལམ་རོལ་རྩེད་ལ་གཡེང་དྲགས་པའི་རྒྱུ་རྐྱེན་རྙེད་དགོས།
གལ་ཏེ་བྱིས་པ་དྲ་ལམ་རོལ་རྩེད་ལ་གཡེང་དྲགས་ན་ཁྱིམ་བདག་གིས་ཐོག་མར་ཇི་ལྟར་ཐག་གཅོད་བྱ་དགོས། ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། བྱིས་པ་དྲ་ལམ་རོལ་རྩེད་ལ་གཡེང་དྲགས་པའི་རྒྱུ་རྐྱེན་ནི་དངོས་ཡོད་འཚོ་བའི་གནོན་ཤུགས་ཆེ་དྲགས་པས་དེ་བརྗེད་ཐབས་ལ་དྲ་ལམ་རོལ་རྩེད་དུ་གཡེང་དྲགས་པ་ཅུང་ཟད་མང་།
གནོན་ཤུགས་ཆུང་དུ་གཏོང་རྒྱུ་ནི་བྱིས་པ་ཁོ་ན་མ་ཡིན་པར་མི་རྒན་པར་ཡང་དགོས་པ་ཞིག་རེད། དེ་བས་ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་ལ་རྒྱུས་ལོན་གསལ་པོ་བྱས་ནས་བྱིས་པར་གནོན་ཤུགས་ཆེ་དུས་དྲ་ལམ་རོལ་རྩེད་རྩེད་འདོད་པ་ཨེ་རེད། གལ་ཏེ་དེ་ལྟར་ཡིན་ན་གནོན་ཤུགས་ཀྱི་འབྱུང་ཁུངས་གང་ཡིན་པ་གསལ་པོ་ཤེས་དགོས།
བྱིས་པ་དྲ་བར་ཞུགས་པའི་དུས་ཚོད་གཏན་འཁེལ་བྱ་དགོས།
གཉིས། བྱིས་པ་དྲ་ལམ་རོལ་རྩེད་རྩེད་དུས་དུས་ཚོད་གཏན་འཁེལ་གྱིས་སྒྲིག་ལམ་ནན་མོ་འཇོག་དགོས།
དཔེར་ན། ཁྱིམ་བདག་དང་བྱིས་པ་གཉིས་ཀྱིས་གྲོས་མོལ་བྱས་ནས་དྲ་ལམ་རོལ་རྩེད་ལ་ཞུགས་པའི་དུས་ཚོད་གཏན་འཁེལ་བྱས་ཆོག་སྟེ། གཟའ་འཁོར་རེར་ཐེངས3དང་ཐེངས་རེར་དུས་ཚོད1ལ་གཏན་འཁེལ་བྱས་ཆོག ཉིན་རེར་དུས་ཚོད་ཕྱེད་ཀ་རེ་བྱས་ན་ཡང་ཆོག་མོད། དེ་ལྟར་བྱས་ན་ཉིན་རྒྱུན་དྲ་ལམ་རོལ་རྩེད་ལ་ཞུགས་པའི་གོམས་སྲོལ་རྒྱུན་འབྱམས་སུ་གྱུར་པ་རེད།
ཞིབ་འཇུག་ལས་མངོན་པ་ལྟར་ན། དུས་ཚོད་གཏན་འཁེལ་གྱིས་སྦྱོང་བརྡར་བྱས་རྗེས། བྱིས་པ་དྲ་ལམ་ལ་གཡེང་དྲགས་པའི་སྣང་ཚུལ་ལ་འགྱུར་བ་གཏོང་ཐུབ།
སྦྱོང་བརྡར་ལ་དུས་ཚོད་གཏན་འཁེལ། འཆར་འགོད་བཟོ་བར་སློབ་སྦྱོང་བྱེད་པ་སོགས་ཡོད།
གསུམ། བྱིས་པ་ཡང་དག་པའི་དྲ་བར་ཞུགས་རྒྱུར་ཁ་ཕྱོགས་གསལ་པོ་སྟོན་དགོས།
ཁྱིམ་བདག་གིས་བྱིས་པ་དང་འགྲོགས་ནས་མཉམ་དུ་དྲ་བར་ཞུགས་པར་ཚོད་ལྟ་བྱ་དགོས་པར་མ་ཟད། བརྒྱུད་རིམ་དེའི་ཁྲོད་དུ་བྱིས་པར་རྟོག་བཟོའི་འཇིག་རྟེན་ནི་དངོས་གནས་སྣ་མང་ཕུན་སུམ་ཚོགས་པའི་འཇིག་རྟེན་ཞིག་ཡིན་མོད། འོན་ཀྱང་ངོ་མཚར་ཆེ་བའི་རོལ་རྩེད་ཙམ་ལས་གཞན་ཅི་ཡང་མིན་པ་ཤེས་སུ་འཇོག་དགོས།
དཔེར་ན་བྱིས་པས་ལས་བྱ་བྲིས་ཚར་རྗེས། དྲ་ལམ་ནས་གྲོགས་པོ་ཆུང་ཆུང་ཚོར་ཁ་བརྡ་བྱེད་པ་དང་གཞས་ལ་ཉན་པ། བརྙན་འཕྲིན་ལ་བལྟ་བ་བཅས་བྱས་ཆོག་པར་མ་ཟད། བྱིས་པ་རྣམས་ལ་དྲ་རྒྱའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་བཀོལ་དུ་འཇུག་དགོས།
བྱིས་པ་ཐེངས་དང་པོར་དྲ་བར་ཞུགས་པའི་སྔོན་དུ། ཁྱིམ་བདག་གིས་བྱིས་པར་གློག་ཀླད་དམ་ལག་ཁྱེར་ཁ་པར་སྤྱོད་པའི་བྱེད་ཐབས་ནན་ཏན་གྱིས་ངོ་སྤྲོད་བྱ་དགོས། དཔེར་ན། བྱིས་པར་གློག་ཀླད་དམ་ཁ་པར་ནང་དུ་བྱིས་པའི་ཡིག་ཆ་དང་དྲ་ཚིགས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པ་བཤད་དགོས།
གལ་ཏེ་ཁྱིམ་བདག་གིས་ངེས་པར་དགོས་མཁོ་ཆེ་བར་འདོད་ན། བྱིས་པས་བེད་སྤྱོད་བྱེད་པའི་གློག་ཀླད་དམ་ཡང་ན་ལག་ཁྱེར་ཁ་པར་དུ་བཀོལ་ཆོག་པའི་མ་ལག་མ་གཏོགས་གཞན་རྩེད་མི་ཐུབ་པ་བྱས་ཆོག
བཞི། བྱིས་པར་དགའ་ཕྱོགས་གསར་པ་བཙལ་བ།
ཁྱིམ་བདག་གིས་རྒྱུན་དུ་བྱིས་པར་དོ་སྣང་བྱས་ཏེ། བྱིས་པར་རྩེད་མོ་གཞན་ལ་གཡེང་བའི་གོ་སྐབས་དང་ཆ་རྐྱེན་བསྐྲུན་ནས་རྩེད་མོ་གཞན་པར་དགའ་རུ་འཇུག་དགོས། བྱིས་པ་རྩེད་མོ་གཞན་པ་རྩེད་རྒྱུར་དགའ་བའི་དུས་སུ་དྲ་ལམ་རོལ་རྩེད་སྟེང་བཀོལ་བའི་དུས་ཚོད་རང་བཞིན་གྱིས་ཇེ་ཉུང་དུ་འགྲོ་བ་རེད།
བྱིས་པ་རྣམས་ཁ་ཡ་ན་ཟླ་ཚོ་དང་མཉམ་དུ་རྩེད་མོ་རྩེ་རུ་བཅུག་ནས་རང་ཉིད་ལ་གྲོགས་པོ་བཟང་པོ་འཚོལ་བར་སྐུལ་མ་གཏང་དགོས། འདི་ལྟར་བྱས་ན་དྲ་ལམ་རོལ་རྩེད་རྩེ་བའི་དུས་ཚོད་ཇེ་ཉུང་དུ་འགྲོ་བ་རེད། དུས་མཚུངས་སུ་འབྲེལ་འདྲིས་བྱ་ཡུལ་ཡང་རྙེད་ཐུབ། གལ་ཆེ་ཤོས་ཤིག་ནི་ཕ་མས་ངེས་པར་བྱིས་པ་ཚོར་ཁོར་ཡུག་ལེགས་པོ་བསྐྲུན་དགོས།
ལྔ། བྱིས་པར་རོལ་རྩེད་རྒྱབ་ཀྱི་སྒྲིག་ལམ་རྒྱུས་ལོན་བྱེད་དུ་འཇུག་པ།
ཁྱིམ་བདག་གིས་བྱིས་པ་དང་མཉམ་དུ་དྲ་ལམ་རོལ་རྩེད་རྒྱབ་ངོས་ཀྱི་དངོས་པོ་འགའ་འཚོལ་དགོས། དཔེར་ན། རོལ་རྩེད་ཀྱིས་ཅིའི་ཕྱིར་གཞན་ལ་ཞེན་ཆགས་པར་བྱེད་པའམ། ཡང་ན་རོལ་རྩེད་ཇུས་འགོད་བྱེད་དུས་སུ་རྒྱུ་རྐྱེན་གང་དག་གིས་མིའི་ཡིད་དབང་འཕྲོག་པར་བྱེད་པ་ལྟ་བུའོ།།
ཕ་མ་དང་བྱིས་པ་གཉིས་ཀྱིས་ནང་དོན་འདི་དག་ལ་གྲོས་བསྡུར་བྱས་ཆོག་སྟེ། དེ་ནི་ཁྱོད་ཀྱིས་རོལ་རྩེད་འདི་ལ་དབྱེ་ཞིབ་བྱེད་པའི་གོ་རིམ་དང་མཚུངས་ལ། བྱིས་པར་རོལ་རྩེད་རྒྱབ་ཀྱི་སྒྲིག་ལམ་འགའ་ཤེས་སུ་འཇུག་པར་རོགས་རམ་བྱེད་ཐུབ།
ཁྱིམ་བདག་གིས་བྱེད་ཐབས་ཡག་པོ་སྤྱད་ནས་བྱིས་པར་རོལ་རྩེད་ནང་དུ་མགོ་འཁོར་མི་རུང་བའི་གནས་ལུགས་གསལ་བོ་ཤེས་རྒྱུར་ཁྲིད་སྟོན་བྱ་དགོས།