སྤྲེའུ་འབྲུམ་ནད་ཀྱི་འགོག་བཅོས་སྐོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-07   རྩོམ་ཁུངས།    མཚོ་སྔོན་ཁྲིམས་ལུགས་ཚགས་པར།

        སྤྲེའུ་འབྲུམ་ནི་སྤྲེའུ་འབྲུམ་ནད་དུག་འགོས་པ་ལས་བསྐྱེད་པའི་ནད་དུག་རང་བཞིན་གྱི་ནད་ཅིག་ཡིན་ལ། མི་དང་སྲོག་ཆགས་གཉིས་ཀར་འབྱུང་། དེའི་ནད་རྟགས་ལ་གཙོ་བོ་ཚ་རྒྱས་པ་དང་ལུས་ལ་རྨ་འབྲུམ་འབུད་པ། རྨེན་མདུད་སྐྲངས་པ་སོགས་ཡོད། ད་སྐབས་འབྱུང་བཞིན་པའི་སྤྲེའུ་འབྲུམ་ནད་རྒྱ་ཆེར་མཆེད་པ་སྔོན་འགོག་བྱ་ཆེད། རྒྱལ་ཁབ་འགོས་ནད་གསོ་རིག་ལྟེ་གནས་དང་ཀྲུང་ཧྭ་སྔོན་འགོག་གསོ་རིགས་སློབ་ཚོགས་ཀྱི་འགོས་ནད་སྔོན་འགོག་ཚོད་འཛིན་ཡན་ལག་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ངང«སྤྲེའུ་འབྲུམ་འགོག་སྲུང་ཕྱོགས་སྟོན(2023)»གཏན་འབེབས་བྱེད་པའི་བྱ་བ་བསྒྲུབས།

གཅིག འགོས་ཁྱབ་རྒྱུད་ལམ།

        སྲོག་ཆགས་དང་མིའི་བར་གྱི་འགོས་ཁྱབ། འདི་ནི་གཙོ་བོ་འགོས་ནད་ཡོད་པའི་སྲོག་ཆགས་ལ་རེག་པའམ་འགོས་ནད་ཡོད་པའི་སྲོག་ཆགས་ཀྱི་ཤ་ཚོས་ཐག་མ་ཆོད་པར་ཟོས་པ་ལས་འགོ་བ་ཡིན།

        མི་དང་མིའི་བར་གྱི་འགོས་ཁྱབ། འདི་ནི་གཙོ་བོ་སྤྲེའུ་འབྲུམ་ནད་པའི་སྐྱི་པགས་དང་འབྱར་སྐྱིའི་རྨ་ཁར་རེག་པ། ཁ་ནང་གི་ཟགས་ཐོན་དངོས་རྫས་དང་དབུགས་ལམ་གྱི་མཆིལ་ཟགས། ནད་དུག་གིས་སྦག་བཙོག་བཟོས་པའི་དངོས་རྫས་དང་མལ་ཆས་སོགས་ལས་འགོ་ལ། ལུས་འབྲེལ་བརྒྱུད་དེ་འགོ་བའང་ཡོད།

        གཉིས། ནད་རྟགས།

        སྤྲེའུ་འབྲུམ་གྱི་རྒྱུན་མཐོང་ནད་རྟགས་ནི་ཚ་རྒྱས་པ་དང་རྨ་འབྲུམ་འབུད་པ། རྨེན་མདུད་སྐྲངས་པ་བཅས་ཡིན་ལ། མགོ་ན་བ་དང་ལུས་ཐོག་ལ་ཟ་འཕྲུག་ལངས་པ། ཐང་ཆད་པ། ཤ་གནད་ན་བ། སྒལ་བ་ན་བ། མིད་པ་ན་བ། ཁ་ནང་ཟགས་རལ་དུ་འགྱུར་བ་སོགས་ཀྱང་ཡོད། དེའི་ཁྲོད་རྨེན་མདུད་སྐྲངས་པ་ནི་སྤྲེའུ་འབྲུམ་དེ་སྤྱིར་བཏང་གི་ཆུ་ཐོར་དང་དབྱེ་བ་འབྱེད་པའི་ནད་རྟགས་གཙོ་བོ་ཞིག་རེད།

        གསུམ། ནད་བྱུང་ནས་ཤི་ཚད།

        སྤྲེའུ་འབྲུམ་བྱུང་ནས་ཤི་ཚད་ནི་ནད་དུག་གི་ཡན་ལག་དང་། ནད་པའི་བདེ་ཐང་གི་གནས་ཚུལ་སོགས་དང་འབྲེལ་བ་ཡོད་ལ། 2022ལོ་ནས་མཆེད་པའི་ནད་ཡམས་ནད་དཔེའི་ནད་དུག་གི་འབྱུང་ཁུངས་ནིIIཡན་ལག་ཡིན་པ་དང་། དེའི་ཤི་ཚད 0.13%ཡིན།

        བཞི། འགོག་སྲུང་།

        སྤྲེའུ་འབྲུམ་བྱུང་ཡོད་པའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་མི་བྱེད་པ་དང་།གལ་ཏེ་མཉམ་མ་བཞག་པར་འབྲེལ་འདྲིས་བྱས་ཚེ། འདག་རྫས་དང་ཆང་བཅུད་འདུས་པའི་ལག་འཁྲུད་ཆུ་ཡིས་ལག་པ་བཀྲུ་དགོས་ཤིང་། རང་ཉིད་ལ་སྤྲེའུ་འབྲུམ་ཡོད་པར་དོགས་པ་སྐྱེ་ན་དུས་ཐོག་ཏུ་བརྟག་དཔྱད་བྱ་དགོས།

        ལུས་ཐོག་ཏུ་སྤྲེའུ་འབྲུམ་ནད་དུག་ཡོད་སྲིད་པའི་སྲོག་ཆགས་ཏེ། དཔེར་ན་སོ་མི་བརྗེ་བའི་སྲོག་ཆགས(ཙི་གུ་དང་ཨ་བྲ། འཕྱི་བ། བྱི་ལོང་ལྟ་བུ)དང་བློ་ལྡན་སྲོག་ཆགས(སྤྲ་དང་སྤྲེའུ་ལྟ་བུ) ཁུག་ལྡན་སྲོག་ཆགས(རི་དྭགས་ཁུག་མ་ལྟ་བུ)སོགས་ལ་མི་རེག་པ། རི་ཁའི་རྔོན་ཤ་སོགས་མི་ཟ་བ་བཅས་བྱ་དགོས།

        ད་ལྟའི་དུས་རིམ་འདིར་སྤྱིར་བཏང་གི་མི་ཚོགས་ཀྱིས་ད་དུང་འགོག་སྨན་རྒྱག་མི་དགོས།

 

        ལྔ། ནད་གཞི་ངོས་འཛིན།

        སྤྲེའུ་འབྲུམ་ནད་ངོས་འཛིན་གཏན་ཁེལ་བྱེད་ཐབས་གཙོ་བོ་ནི་རིམས་ནད་རིག་པ་དང་ནད་རྟགས་ཡིན་ལ། ཉིང་སྐྱུར་བསྐྱེད་སྣོན་བརྟག་དཔྱད་བྱས་ཏེ་རྨ་འབྲུམ་དང་ཆུ་བུར། རྨ་སྐོགས། གཞན་ཁ་དང་མིད་པ། སྣ་ནང་སོགས་ཀྱི་ཟགས་ཐོན་དངོས་རྫས་ལ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས།

        དྲུག བཅོས་ཐབས།

        སྤྲེའུ་འབྲུམ་ནད་འགོས་པའི་ནད་པ་དེ་གཏན་ཁེལ་གྱི་འགོས་ནད་ཆེད་ལས་སྨན་ཁང་དུ་སོང་ནས་ལོགས་བཀར་ལྟ་ཞིབ་བྱེད་པ་དང་། ནད་རྟགས་ལ་གཞིགས་ནས་སྨན་བཅོས་བྱ་རྒྱུ་གཙོར་བཟུང་སྟེ་ཚ་མགོ་གནོན་པ་དང་རྨ་འབྲུམ་ལ་བདག་བྱེད་པ། འཚོ་བཅུད་ཁ་གསབ་བྱེད་པ་བཅས་བྱ་དགོས།

        བདུན། གཞུག་སྐྱོན།

        མིག་སྔར་སྤྲེའུ་འབྲུམ་ནད་པ་བཅུ་ཆའི་གཅིག་ཙམ་ལ་མ་གཏོགས་གཞུག་སྐྱོན་བྱུང་མེད། དེ་དག་ལས་རྒྱུན་མཐོང་གི་གཞུག་སྐྱོན་ལ་ངོ་གདོང་ནས་རྨ་ཤུལ་ཟབ་མོ་འདུག་པ་དང་མིག་གི་མཐོང་ནུས་ལ་གནོད་པ་སོགས་ཡོད་ལ། དབང་རྩའི་མ་ལག་གི་ནད་རྟགས་མངོན་པའང་ཡོད། ཡིན་ནའང་མིག་སྔར་འབྲེལ་ཡོད་ཀྱི་ཞིབ་འཇུག་བདེན་དཔང་ཅུང་ཉུང་བས། སྤྲེའུ་འབྲུམ་གྱིས་བསྐྱེད་པའི་ཡུན་འབྲིང་དང་ཡུན་རིང་གི་ཤུགས་རྐྱེན་ད་དུང་གསལ་རྟོགས་བྱུང་མེད།