ཤར་གྱི་ཇ་རྟའི་གནའ་ལམ། ནུབ་ཀྱི་ཚྭ་ལུག་གནའ་ལམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-05   རྩོམ་ཁུངས།    中央广播电视总台藏语

    དེ་རིང་རྣམ་པ་ཚོར་གསར་འགོད་པས། ཤར་གྱི་ཇ་རྟའི་གནའ་ལམ། ནུབ་ཀྱི་ཚྭ་ལུག་གནའ་ལམ་ཞེས་མིང་དུ་གྲགས་པ་ལས་སྟོད་མངའ་རིས་ས་ཁུལ་གྱི་དགེ་རྒྱས་རྫོང་ཚྭ་ཁ་ཤང་དུ་གནས་པའི་ནུབ་ཀྱི་ཚྭ་ལུག་གནའ་ལམ་གྱི་གནའ་བོའི་ངོ་མཚར་ལོ་རྒྱུས་དང་དེང་གི་དཔལ་འབྱོར་ཕན་འབྲས་ཐད་ནས་ངོ་སྤྲོད་ཙམ་ཞིག་ཞུའོ།

       དེ་ཡང་། ཚྭ་ནི་མི་ཕྱུགས་གཉིས་ཀྱི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་དངོས་པོ་གལ་ཆེན་ཞིག་ཡིན་པ་ནི་གདོན་དུ་མི་ཟ། རང་བྱུང་ཁམས་ཀྱིས་ཚྭ་ཁ་ཤང་དུ་འཚོ་ཞིང་གནས་པའི་མི་རྣམས་ལ་ཚྭ་ཡི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་གནང་ཡོད། ཡུལ་མཆོག་ཁྱད་པར་ཅན་དེར་གནས་པའི་མི་བུ་རྣམས་ཀྱིས་ཀྱང་མཚོ་འཕགས་མཐོ་ཞིང་། གནམ་གཤིས་གྲང་ངར་ཆེ་བ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་སྟབས་བདེ་མེད་པ་སོགས་ཀྱི་དཀའ་ངལ་ཡོད་དོ་ཅོག་ཁྱད་དུ་བསད་དེ་མི་ངོ་བརྒྱ་ཕྲག་དུ་མའི་རིང་ཚྭ་ཡི་ཐོན་ཁུངས་སྔོག་འདོན་བེད་སྤྱོད་བྱེད་པའི་ལས་ལ་མཚམས་གཅོད་མ་མྱོང་། གནའ་མིའི་ཁ་རྒྱུན་ལ་དཀའ་བ་རང་གིས་སྤྱད་ནུས་ན། མི་བསྒྲུབ་བྱ་བ་ག་ལ་ཡོད་ཅེས་པ་བཞིན། ཡུལ་དེ་ནས་ཐོན་སྐྱེད་བྱས་པའི་ཚྭ་ཡིས་རང་ཡུལ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཚྭ་ཡི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པས་མ་ཚད་ད་དུང་རྒྱ་གར་དང་ནེ་པ་ལ་སོགས་རི་བོ་ཧི་མ་ལ་ཡའི་ཕར་ཕྱོགས་ན་གནས་རྒྱལ་ཁབ་ཏུའང་བྲིན་འཚོང་བྱེད་བཞིན་ཡོད།

    ལོ་ངོ་ཆིག་སྟོང་ལྷག་གི་ཡར་སྔོན་ན། གནས་དེར་ཚྭ་པའི་རུ་ཁག་གམ་སྒྲིག་འཛུགས་50ཙམ་ཞིག་བྱུང་བ་དང་། ཁོང་རྣམ་པས་གཏེར་ནས་བཏོན་པའི་ཚྭ་དག་ལུག་གི་སྒལ་པར་བཀལ་ནས་ངག་ནས་ཚྭ་གླུ་དང་ཚྭ་སྐད་སོགས་ལེན་བཞིན། ཚྭ་ལུག་དེད་དེ་ལམ་ལ་ཆས་ཀྱིན་ཆས་ཀྱིན་བྲག་མཚམས་ཚྭ་མཚོ་གསུམ་གྱི་ལྷ་ཚྭ་དག་ཉེ་ས་སྤུ་ཧྲེང་དང་གཞིས་ཀ་རྩེ། རིང་ས་རྒྱ་གར་དང་ནེ་པ་ལ་སོགས་ས་ཆར་དབོར་གྱི་ཡོད་པ་དང་། ཚྭ་འཚོང་བར་འགྲོ་ཐེངས་རེར་རིང་ན་ཟླ་བ་གཉིས་ནས་གསུམ་དང་ཐུང་ན་ཟླ་བ་གཅིག་ཙམ་འགོར་གྱི་ཡོད། དེ་ལྟའི་ལམ་བར་གྱི་འགྲོ་འདུག་ཟས་གསུམ་གྱི་དཀའ་ངལ་ཡོད་ཚད་ཁྱད་བསད་ཀྱིས་དངོས་ཟོག་བརྗེ་རེས་ལམ་ནས་ཡུལ་ཕྱོགས་གཞན་གྱི་ཚོང་པ་དང་ཉོ་ཚོང་བྱེད་ཅིང་། དཔེར་ན། ནས་དང་ཇ། རས་ཆ་སོགས་འཚོ་བའི་མཁོ་ཆས་གཙོ་བོར་བརྗེ་བས། ཉེ་རིང་ཀུན་དུ་སྐད་ཀྱིས་ཆོད་པའི་ཚྭ་ལུག་གནའ་ལམ་གྱི་ངོ་མཚར་གཏམ་རྒྱུད་བརྩམས་ཡོད་ལ། དུས་སྐབས་དེའི་མང་ཚོགས་ཀྱི་རྣམ་པར་བཀྲ་བའི་བློ་རིག་དང་ལས་ལ་བརྩོན་པའི་སྙིང་སྟོབས་ཀྱང་བཏོད་ཡོད། དེས་མ་ཚད། སྤྱི་ལོ་1951ལོར་སྔོན་སྐྱོད་ལན་ཤོག་བོད་དུ་བསྐྱོད་དེ་མངའ་རིས་ལ་བཅིངས་འགྲོལ་གཏོང་བའི་སྐབས་སུ་ཡུལ་དེའི་མི་རྣམས་ཀྱིས་སྔོན་སྐྱོད་ལན་ཤོག་ཚྭ་མཁོ་འདོན་བྱེད་མྱོང་མ་ཟད་ལམ་སྣེ་ཁྲིད་མཁན་ཡང་བྱེད་མྱོང་བའི་དངོས་བྱུང་གི་གསར་བརྗེའི་གཏམ་རྒྱུད་ཀྱང་ཡུལ་དེའི་རྒན་པོ་རྣམས་ཀྱི་ངག་རྒྱུན་དང་ལོ་རྒྱུས་ཡིག་ཚགས་ཁག་ཏུ་སྣང་།།

  ཚྭ་མཚོའི་ཐོན་ཁུངས་ལས་བྱུང་བའི་དེང་གི་དཔལ་འབྱོར་ཕན་འབྲས།

       སྤྱི་ལོ་2005ལོར་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོས་དགེ་རྒྱས་རྫོང་དབུལ་སྐྱོར་གཞུང་ལས་ཁང་ལ་མ་དངུལ་ཤོག་སྒོར་ཁྲི་14རེ་ཞུ་བྱས་པའི་ཐོག་ལ་གྲོང་ཚོ་རང་ཉིད་ཀྱིས་མ་དངུལ་སྒོར་ཁྲི་13.8གྲབས་གསོག་བྱས་ནས་དབུལ་སྐྱོར་ཚྭ་ར་སྟེ་ཚྭ་ལས་སྣོན་ཁང་ཞིག་བཙུགས་པ་དང་། ད་དུང་ཚྭ་ལུག་གནའ་ལམ་ཞེས་པའི་ཚོང་རྟགས་ཀྱང་རེ་ཞུ་བྱས། ཚྭ་ལས་སྣོན་ཁང་དེ་ལས་གཉེར་བྱས་ཚུན། གཅིག་གྱུར་བཞི་སྟེ་གཅིག་གྱུར་སྔོག་འདོན་དང་། གཅིག་གྱུར་དོ་དམ། གཅིག་གྱུར་གཉེར་སྐྱོང་། གཅིག་གྱུར་བྲིན་འཚོང་བཅས་ཀྱི་ལས་གཉེར་ཐབས་ལམ་བཟུང་ནས་ཞབས་བསིལ་ཚྭ་ལུམས་དང་ལུམས་ཚྭ། རས་ཁུག་ཚྭ་སོགས་ཁྱོན་ཐོན་རྫས་དྲུག་ཐོན་སྐྱེད་བྱས་པས་དཔལ་འབྱོར་ཕན་འབྲས་ཀྱང་ཉིན་རེ་ལས་མ་འདས་པར་མཐོ་རུ་སོང་ཡོད། དཔེར་ན། སྤྱི་ལོ་2021ལོ་ལྟ་བུར་མཚོན་ན། ཡོང་འབབ་སྒོར་ཁྲི་ཚོ་108བྱུང་བ་དང་། དེའི་ནང་ནས་འབྲོག་པ་མང་ཚོགས་ཀྱི་གླ་ཆ་དང་དེ་མིན་གྱི་གཏོང་སྒོ་སྒོར་18.66འཐེན་ན་ཁྱོན་ཁེ་བཟང་གཙང་མ་སྒོར་ཁྲི་89.34ཙམ་བྱུང་ཡོད།