ས་སྲོད་ནི་ལུས་སྦྱོང་བྱེད་པའི་དུས་སྐབས་ཆེས་བཟང་པོ་དེ་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-18   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

མི་མང་པོ་ཞིག་གིས་ལུས་སྦྱོང་བྱེད་པའི་དུས་སྐབས་ནི་ཁོམ་པ་ཡོད་མེད་ལ་ལྟ་བཞིན་ཡོད་མོད། འོན་ཀྱང་ཞིབ་འཇུག་མང་པོ་ཞིག་ལས་མངོན་པ་ལྟར་ན། ས་སྲོད་ནི་ལུས་སྦྱོང་གི་ནུས་པ་ཆེས་ལེགས་པའི་དུས་རེད། ཐེན་ཅིན་ལུས་རྩལ་སློབ་གླིང་གི་གཟུགས་གཞི་ལྟ་ཞིབ་ཚད་ལེན་དང་འགུལ་སྐྱོད་སྨན་ཐོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐན་སི་ཅེ་ཡིས་བསྟན་དོན། སྤྱིར་བཏང་གིས་དུས་ཚོད17གྱི་རྗེས་སུ་ལུས་པོར་སྟོབས་ཤུགས་རྒྱས་ཤིང་ངལ་དུབ་སངས་པའི་དུས་ཡིན་པས། སྐབས་དེ་ནི་ལུས་སྦྱོང་བྱེད་པའི་དུས་སྐབས་ཆེས་བཟང་པོ་ཡིན། དེའི་རྒྱུ་མཚན་ལ་འདི་དག་ཡོད་པ་སྟེ།

ལུས་སྟེང་གི་ཚིལ་ཞི་བ། ཐན་སི་ཅེ་ཡིས་བསྟན་དོན། ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། ས་སྲོད་དུ་ལུས་སྦྱོང་བྱས་ན་ལུས་སྟེང་གི་ཚིལ་ཞི་བས། ཚིལ་ཞི་བར་འདོད་པའི་མིས་དུས་སྐབས་འདི་ལ་ལུས་སྦྱོང་བྱེད་དགོས། མི་ཁ་ཤས་ཤིག་གིས་ཞོགས་པར་ལྟོ་སྟོང་དུ་ལུས་སྦྱོང་བྱས་ནའང་ལུས་སྟེང་གི་ཚིལ་ཞི་བར་འདོད་ཀྱིན་ཡོད། ཞོགས་པར་གནམ་གཤིས་ཅུང་འཁྱགས་པས། ཚིགས་མོ་དང་ཤ་གནད་རེངས་པོར་གྱུར་པ་དང་ཤ་རྒྱུས་སྲ་མོར་གྱུར་བའི་ཚད་ས་སྲོད་ལས20%ཡིས་མཐོ་བ་རེད། དེ་བས་ཞོགས་པར་ལུས་སྦྱོང་ཡང་མོ་བྱས་ཏེ་ལུས་པོའི་གསོན་ཤུགས་རྒྱུན་སྲུང་བྱས་པས་ཆོག

ཤ་གནད་སྲ་མོར་འགྱུར་བ། ཤ་གནད་རྐྱོང་སྐུམ་བྱེད་པར་ནངས་དགོང་གཉིས་ཀར་ཁྱད་པར་ཡོད། ཐན་སི་ཅེ་ཡིས་བཤད་རྒྱུར། དུས་ཚོད17གྱི་རྗེས་ནི་ལུས་པོའི་དབྱང་རླུང་འབྱིན་ཚད་ཆེས་མཐོ་བའི་དུས་ཡིན་པས། ལུས་སྦྱོང་བྱེད་པར་དབྱང་རླུང་མང་པོ་འདོན་ཐུབ་པ་དང་། དུས་མཚུངས་སུ་ལུས་དྲོད་ཆེས་མཐོ་བའི་སྐབས་ནི་དུས་ཚོད16ནས18བར་ཡིན་པས། ཤ་གནད་ཀྱི་འབྱར་ཤུགས་དམའ་བ་དང་ལུས་པོའི་ལྡེམ་མྱུར་ཆེས་བཟང་བ་རེད། དེའི་རྐྱེན་གྱིས་སྐབས་འདིར་ལུས་སྦྱོང་བྱས་ན་ཤ་གནད་ཀྱི་སྟོབས་ཤུགས་དང་བཟོད་ཤུགས་ཇེ་ཆེར་འགྲོ་བར་མ་ཟད། ལུས་སྦྱོང་གི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་རེད།

ལུས་སྦྱོང་དྲག་པོ་བྱེད་པར་འཚམ་པ། ཕྱི་དྲོ་དང་ས་སྲོད་དུ་ལུས་སྦྱོང་དྲག་པོ་བྱས་ན་སྔ་དྲོ་ལས་ནུས་པ་བཟང་། ཐན་སི་ཅེ་ཡིས་དེ་ལ་འདི་ལྟར་འགྲེལ་བཤད་བརྒྱབ་པ་སྟེ། དུས་ཚོད17ནས20བར་དང་ནང་སྒོས་སུ་ཉི་མ་ནུབ་རིའི་ཕག་ཏུ་ཡིབ་པའི་སྐབས་སུ་ལུས་པོའི་འགུལ་སྐྱོད་ནུས་པ་ཆེས་མཐོ་བའི་དུས་སུ་སླེབས་ཡོད་པ་དང་། ཤ་གནད་དང་ཚིགས་མོར་ལྡེམ་མྱུར་ལྡན་ཞིང་། སྙིང་གི་ལྡིང་ཚད་དང་ཁྲག་ཤེད་ཀྱང་ཆེས་བརྟན་བརླིང་གི་དུས་ཡིན་ལ། དུས་ཚོད6ནས10ཡི་བར་ནི་འགུལ་སྐྱོད་ནུས་པ་ཆེས་ཞན་པའི་དུས་ཡིན། དེ་བས་ཐན་སི་ཅེ་ཡིས་ལུས་སྦྱོང་དྲག་པོ་བྱེད་འདོད་ན། ས་སྲོད་ཀྱི་དུས་གདམ་དགོས་པར་བཤད།

ཐན་སི་ཅེ་ཡིས་དྲན་སྐུལ་བྱེད་རྒྱུར། ལུས་སྦྱོང་ལ་འགྱུར་བ་མེད་པའི་ངེས་གཏན་གྱི་དུས་ཚོད་ཅིག་མེད་པར། ལུས་སྦྱོང་གི་དུས་སྐབས་དེ་རང་ཉིད་ལ་འཕྲོད་པར་མ་ཟད། ཆོས་ཉིད་དང་ལྡན་པའི་སྒོ་ནས་ལུས་སྦྱོང་བྱེད་ཐུབ་ན། དེ་ནི་ནུས་ལྡན་གྱི་ལུས་སྦྱོང་བྱེད་སྟངས་ཤིག་ཡིན་མོད། འོན་ཀྱང་གཤམ་གྱི་གནད་འདི་གཉིས་ལ་མཉམ་འཇོག་དགོས།

གནོན་ཤུགས་ཆེ་སྐབས་ལུས་སྦྱོང་བྱེད་མི་རུང་། དུས་ཚོད་ལྟར་ལས་ཚོགས་ལ་ཞུགས་པའི་ལས་བྱེད་པ་རྣམས་ལས་ཚོགས་གྲོལ་རྗེས་ཐད་ཀར་ལུས་སྦྱོང་ཁང་དུ་འགྲོ་རྒྱུར་གོམས་ཡོད། དོན་དངོས་སུ་ལས་ཚོགས་གྲོལ་མ་ཐག་ཏུ་ད་རུང་བྱ་བའི་སྟེང་གི་གནོན་ཤུགས་དེ་སེམས་ནས་ཡལ་མེད་པས། ཤ་གནད་ཀྱང་འཁུམ་པའི་གནས་བབ་ཏུ་ལུས་ཏེ་ལྷོད་ལ་འབབ་ཐུབ་མེད། དེ་བས་ངལ་གསོ་ཅུང་ཙམ་བྱས་ཏེ་གནོན་ཤུགས་སེལ་རྗེས་ད་གཟོད་ལུས་སྦྱོང་བྱེད་དགོས།

གཉིད་མི་ཆག་པར་བྱེད་དགོས། མི་ཁ་ཤས་ཤིག་མཚན་མོར་ལུས་སྦྱོང་བྱེད་རྒྱུར་དགའ། ལུས་སྦྱོང་བྱས་ཏེ་ངལ་ཞིང་དུབ་ན་གཉིད་ལ་ཞུགས་བདེ་བར་འདོད་ཀྱིན་ཡོད། ཡིན་ན་ཡང་གཉིད་ཁའི་དུས་ཚོད2ནས3གྱི་ནང་ལུས་སྦྱོང་བྱས་ན། ཀླད་པར་ངར་ལངས་ཏེ་གཉིད་ལ་ལྷག་ཏུ་འཇུག་མི་བདེ་བ་དང་། གཉིད་ཀྱིས་མ་འདང་ན་སྤྲི་དཀར་འབྱུང་བར་གནོད་པས། ཤ་གནད་གྲུབ་མི་ཐུབ་པ་དང་ལུས་སྦྱོང་གི་ཕན་འབྲས་ཧ་ཅང་ཞན། །