གུ་གེ་དང་ཞང་ཞུང་གཉིས་དོན་གཅིག་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-20   རྩོམ་ཁུངས།    ཁམས་པའི་དྲ་བ།

    གུ་གེ་ཞེས་པ་ནི་གུ་གེ་རྒྱལ་རབས་ཆགས་ཡུལ་གྱི་ས་གནས་ཤིག་ཡིན་པའི་ཐོག། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས་པ་དང༌། མངའ་རིས་ས་ཁུལ་གྱི་ཧ་ཅང་གལ་ཆེའི་གནའ་རབས་འཛུགས་སྐྲུན་གྱི་ཆགས་ཤུལ་གྲས་ཤིག་ཀྱང་ཡིན། དེང་སང་བོད་རང་སྐྱོང་ལྗོངས་ཀྱི་རྩ་མདའ་རྫོང་ཁོངས་སུ་ཡོད། གནའ་རབས་ཀྱི་མིང་རྙིང་པར་ཞང་ཞུང་ཟེར་ཞིང༌། བོད་ཀྱི་བཙན་པོའི་རྒྱལ་རབས་མ་ཚུགས་གོང་གི་ཞང་ཞུང་རྒྱལ་རབས་ཀྱང་ས་གནས་འདིར་ཆགས་པ་ཡིན། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་རྙིང་པའི་ནང་ཡང་ཐུང(羊同)ཞེས་འཁོད། དེ་སྐོར་གྱི་ཚིག་འགྲེལ་གཤམ་གསལ་ཞང་ཞུང་ཞེས་པ་དེར་གཟིགས་དགོས། གུ་གེ་ནི་མངའ་རིས་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་ཅིང༌། ནུབ་དང༌། ལྷོ། བྱང་ངོས་བཅས་རྒྱ་གར་དང་ཀསྨི་ར་དང་ས་འབྲེལ་ཡིན་པ་དང༌། ཤར་དང་ལྷོ་ངོས་བོད་རང་སྐྱོང་ལྗོངས་ཀྱི་སྒར་རྫོང་དང༌། སྤུ་ཧྲེངས་རྫོང་དང་འབྲེལ་ཡོད། གླང་ཆེན་ཁ་འབབ་ཆུ་བོའི་དཀྱིལ་རྒྱུད་དུ་གནས་ཤིང༌། རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༢༢༥༠༠དང༌། མི་འབོར༤༥༤༩(༡༩༨༣ལོ)ཡོད་པའི་ནང་མང་ཆེ་བ་བོད་རིགས་ཡིན་ཅིང༌། ཞིང་ལས་མི་འབོར་བསྡོམས་གྲངས༢༩༠༤དང༌། ས་ཞིང་གི་རྒྱ་ཁྱོན་མུའུ༡༡༨༠༠ཙམ་ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ༦༣དང་གྲངས་ཆུང༨ཟིན། འབྲོག་ལས་མི་འབོར༧༢༧ཙམ་ཡོད་པ་དེས་མི་གྲངས་བསྡོམས་འབོར་སྤྱིའི་བརྒྱ་ཆ༡༦ཟིན། ནགས་ཚལ་གྱི་རྒྱ་ཁྱོན་མུའུ༤༠༠ལྷག་ཙམ་ཡོད་པ་དེས་མངའ་རིས་ས་ཁུལ་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱིའི་བཞི་ཆ་གཅིག་ཟིན། དགོན་པ་གྲངས༧༥ཡོད་པའི་ནང་རྙིང་མའི་དགོན་པ༦། ས་སྐྱའི་དགོན་པ༡༢། བཀའ་བརྒྱུད་དགོན་པ༢༠། དགེ་ལུགས་དགོན་པ༣༥། བོན་པོའི་དགོན་པ༡། ཆོས་ལུགས་ངེས་གཏན་མེད་པའི་དགོན་པ༡བཅས་ཡོད་པ་དང༌། དགོན་པ་གཞན་དག་ལ་གྲྭ་པ་དང་ཨ་ནེ་གྲངས་འབོར་ཇི་ཡོད་དཔྱད་གཞི་མ་རྙེད་ཀྱང༌། དགེ་ལུགས་དགོན་པ་རྣམས་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་གྲྭ་གྲངས༧༢༥ཡོད་པར《བེ་སེར》ལས་གསུངས། དེ་སྔའི་བོད་ས་གནས་སྲིད་གཞུང་སྐབས་རྩ་ཧྲེང་རྫོང་དང༌། མདའ་པ་རྫོང་གཉིས་སུ་དབྱེ་ཡོད་ཀྱང༌། བོད་ལྗོངས་བཅིངས་འགྲོལ་བཏང་རྗེས་རྫོང་གཉིས་ཟླ་སྒྲིལ་བཏང་སྟེ་རྩ་མདའ་རྫོང་ཞེས་རྫོང་རིམ་པའི་སྲིད་འཛིན་ས་ཁུལ་བཙུགས་པ་རེད།

     ཞང་ཞུང་ཞེས་པ་ནི། སྔར་བོན་ཆོས་དར་རྒྱས་ཆེ་བའི་ཡུལ་ཞིག་ཡིན་པར་བོད་དང་བོད་ཀྱི་ལོ་རྒྱུས་མང་ཆེ་བ་མཐུན་ཞིང་ས་གནས་གང་དུ་ཡོད་མེད་དང༌། ས་རྒྱ་ཆེ་ཆུང་གི་སྐོར་ལ་བཤད་ཚུལ་མི་མཐུན་པ་སྣ་ཚོགས་འདུག བོན་གྱི་ལོ་རྒྱུས་ལས། ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་ལ་གུ་ལང་གསེར་གྱི་བྱུ་རུ་ཅན་ལ་སོགས་པ་གྲགས་ཆེ་བ་བཅོ་བརྒྱད་བྱུང་བ་དེ་དག་གིས་ཞང་ཞུང་སྒོ་ཕུགས་བར་གསུམ་སྟེ་མདོ་སྨད་ཀྱི་ཕྱོགས་ལ་སྒོ་དང༌། དབུས་གཙང་གི་ཕྱོགས་ལ་བར། མངའ་རིས་ལ་དྭགས་ཀྱི་ཕྱོགས་ལ་ཕུགས་ཅེས་བརྗོད་པར་བཤད། {{ཆོས་འབྱུང་མཁས་པའི་དགའ་སྟོན}}ལས་ཞང་ཞུང་གི་སྟོང་སྡེ་འདྲེན་པའི་སྐབས་བོད་དང་གྲུ་གུ་གཉིས་ཀྱི་མཚམས་ན་འོ་ཅོ་མང་མ་གཉིས་སོགས་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ། བོད་དང་སུམ་པའི་མཚམས་ན་གུ་གེ ཅོག་ལ་གཉིས་སོགས་ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་བཅས་ཞང་ཞུང་གི་སྟོང་སྡེ་བཅུ་ཡོད་པར་བཤད། ཞང་ཞུང་བོད་གྱི་བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་སུ་ཚུད་པའི་དུས་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་ཡབ་གནམ་རི་སྲོང་བཙན་གྱི་དུས་སུ་ངོ་ལོག་བྱས་པ་དང༌། དེ་རྗེས་རྒྱལ་པོ་སྲོང་བཙན་སྒམ་པོས་རང་ཉིད་ཀྱི་སྲིང་མོ་སྲད་མ་ཀ་ལ་ལིག་བྱ་བ་དེ་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་ལ་བག་མར་བཏང་རྗེས། ཞང་ཞུང་སླར་ཡང་མངའ་འོག་ཏུ་བཅུག་ཐོག སྦུག་གྱིམ་བཙན་སྨང་ཆུང་ཞང་ཞུང་གི་སྤྱི་དཔོན་དུ་བསྐོས་པར་བཤད། {{ཆོས་འབྱུང་མཁས་པའི་དགའ་སྟོན}}ནང་ད་དུང་རྒྱལ་པོ་སྟག་རི་ཉན་གཟིགས་ཀྱི་དུས་སུ་བན་པ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིང་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ་བ་དང༌། ཉང་སྦས་གནོན་གསུམ་འབངས་སུ་ཚུད་པ་སོགས་གསུངས་པ་རྣམས་ཕན་ཚུན་གུང་བསྒྲིགས་སྐབས། རྩོམ་པ་པོས་གསུངས་པའི་ལོ་རྒྱུས་ཀྱི་ནང་དོན་མང་པོ་ཞིག་ཏུན་ཧོན་གི་བོད་ཡིག་ལོ་རྒྱུས་ཐོག་ནས་ར་སྤྲོད་བྱེད་ཐུབ་པ་བྱུང་བ་དེར་བརྟགས་ན། {{ཆོས་འབྱུང་མཁས་པའི་དགའ་སྟོན}}མཛད་སྐབས་ཏུན་ཧོང་གི་ལོ་རྒྱུས་ཡིག་རྙིང་དང་འདྲ་བའི་དཔྱད་གཞིའི་ཡིག་ཆ་ཁུངས་ཐུབ་མང་པོ་ཞིག་སྐབས་དེར་ཕྱག་ལ་སོན་ཡོད་པ་གསལ་པོར་མཐོང་ཐུབ་ཀྱི་འདུག