བདེ་ཐང་ཐད་ཀྱི་ཤེས་བྱ་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-21   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

1. ཆུ་མང་དུ་འཐུང་ན་ལྒང་སྐྲན་འགོག་ཐུབ་མོད། འོན་ཀྱང་དགོང་མོ་ཉལ་ཁར་ཉུང་འཐུང་བྱེད་དགོས།

2. ཉིན་རེར་འཚིག་ཇ་ཕོར་བ་གཉིས་ཀྱི་ཡན་མ་འཐུང་ན་བཟང་། འཐུང་རྒྱུ་མང་དྲག་ན་གཉིད་ཡལ་བར་མ་ཟད་ཕོ་བར་ཡང་གནོད།

3. སྣུམ་ཞག་ཆེ་བའི་ཟས་རིགས་ཉུང་དུ་བསྟེན་དགོས། སྣུམ་ཞག་ཆེ་བའི་ཟས་རིགས་བསྟེན་ཚད་མཐོ་ན་འཇུ་ལམ་ལ་གནོད་པར་མ་ཟད། ཀླད་ཁྲག་ཡོད་ཚད་ལོང་ཀར་འདུ་བས་གཉིད་འབབ་སླ་བ་རེད།

4. ཕྱི་དྲོའི་དུས་ཚོད་ལྔའི་རྗེས་སུ། རྒྱས་བཟའ་རྒྱས་འཐུང་མ་བྱས་ན་བཟང་།རྒྱུ་མཚན་ནི་ཕྱི་དྲོའི་དུས་ཚོད་ལྔའི་རྗེས་སུ་ལུས་པོར་ནུས་ཚད་དེ་འདྲ་ཞིག་མི་མཁོ་བས་སོ།།

5.མཚོ་གཏིང་གི་ཉ་དང་ངང་ལག པའོ་ཚལ། སྒོག་པ། བྱ་ཤ། ཚིལ་ཉུང་འོ་མ་བཅས་ཟོས་ན་སེམས་ཁམས་སྐྱིད་པོ་ཡོང་བར་ཕན།

6. གཉིད་ཀྱིས་མ་འདང་ན་རིག་པ་རྟུལ་པོར་འགྱུར་བས། ཉིན་རེར་དུས་ཚོད་བརྒྱད་ལ་གཉིད་པ་དང་། ཉིན་གུང་གཉིད་པར་གོམས་ན་རྒས་ཚད་དལ།


7. ཁྱིམ་ལས་ཀྱི་དབང་གིས་ལག་པ་རྩུབ་པོར་གྱུར་ན། ལག་པ་སྐྱུར་ཁུའི་ནང་དུ་སྐར་མ་འགའ་ལ་སྦང་ན་སླར་གསོ་བྱེད་ཐུབ།

8.རྒྱ་སྲན(蚕豆)གྱི་ནང་དུ་སྤྲི་དཀར་མང་དུ་འདུས་པ་དང་མཁྲིས་རྒྱུ་གཤེར་རྩི་མི་འདུ་ལ། འཚོ་བཅུད་ཀྱི་རིན་ཐང་མཐོན་པོ་ལྡན་པས་མང་དུ་ཟོས་ན་ཀླད་སྙིང་ཁྲག་རྩའི་ནད་འགོག་ཐུབ།

9. ཤྭ་མོའི(菌)རིགས་མང་དུ་ཟོས་ན་ནད་འགོག་ནུས་པ་ཇེ་མཐོར་འགྲོ།

10. རྒྱུན་དུ་ཚྭ་ཆུའི་ནང་དུ་རྐང་པ་སྦངས་ན་རྐང་དྲི་ལེན་ཐུབ།

11. ཙོང་སྒོག་རློན་པ་ཟོས་ན། ཁ་སྦུག་དང་ཕོ་རྒྱུ་ལ་ཕོག་ཐུག་ཐེབས་ཤིང་བདེ་ཐང་ལ་མི་ཕན་པས། སྐྱུར་ཁུ་དང་སྦྲགས་ཏེ་ཟོས་ན་ལེགས།

12. ཉིན་རེར་སྲན་ཕྱུར་ཉུང་ཙམ་གདོང་ལ་བྱུགས་པ་དང་། ཟླ་གཅིག་ལ་རྒྱུན་འཁྱོངས་བྱས་ན་ངོ་གདོང་དཀར་ལ་འཇམ་པོར་འགྱུར་སྲིད།

13.སྲན་ཁུའི་ནང་དུ་མཁྲིས་རྒྱུ་གཤེར་ཁུ་མི་འདུ་བས།རྒྱུན་དུ་འཐུང་ན་འཕར་རྩ་སྲ་འགྱུར་གྱི་ནད་འགོག་ཐུབ།

14.མགོ་བོ་ན་བའི་སྐབས་སུ་ཀུ་ཤུ་རྡུང་ནས་ལྡར་ལྡུར་བཟོས་རྗེས་སིང་རས་སྟེང་བྱུགས་ཤིང་ན་སར་གླན་ན་ཟུག་གཟེར་གཅོག་ཐུབ།

15.དབྱར་ཁར་སྔས་མགོར་བརླན་འཁོར་སླ་བས། སྔས་མགོ་རྒྱུན་དུ་ཉི་མར་ལྡེ་དགོས།

16. ཞོགས་པར་ཀྲོ་མ་ཀྲུ་དང་ཉིང་མོང་སོགས་སྐྱུར་བའི་ཟས་རིགས་ཟོས་ན་མཆིན་པ་གསོ་བར་ཕན།

17. རྒུན་འབྲུམ་གྱི་ནང་དུ་གཉིད་ལ་རོགས་འདེགས་བྱེད་པའི་སྐུལ་རྩི་འདུས་པས། རྒྱུན་དུ་ཟོས་ན་གཉིད་ཡོང་བར་ཕན།

18.སྐྱུར་བའི་རིགས་ཀྱི་ཟས་རིགས་ཟོས་རྗེས་མྱུར་དུ་སོ་བཀྲུས་ན་སོ་ལ་གནོད་པ་ཡོད།

19. གཉིད་མི་བདེ་བ་ཡིན་ན། ཉལ་ཁར་སྐད་ཆ་མང་པོ་མི་བཤད་པ་དང་ཇ་བཙན་པོ་འཐུང་མི་རུང་ལ། འདང་མང་པོ་མི་རྒྱག་པར། ཆུ་དྲོན་མོའི་ནང་དུ་སྐྱུར་ཁུ་ཉུང་ཙམ་བླུགས་ཏེ་རྐང་པ་བཀྲུས་ན་གཉིད་ཡོང་བར་ཕན།

20.རྒྱུན་དུ་གཉིད་མི་ཡོང་བ་དང་ལུས་པོ་ཚོ་དྲགས་པ།སྙིང་ནད་ཅན་དང་སྙིང་རྩ་འགག་པ་སོགས་ཀྱི་སྣང་ཚུལ་ཡོད་ན་ཉིན་གུང་གཉིད་མི་རུང་། །