ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོཊ་སྐབས་བཅུ་དགུ་པ་གཟབ་རྒྱས་ངང་འགོ་ཚུགས་པ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-25   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཚེས་23ཉིན་གྱི་དགོང་མོ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

   

        འགོ་ཚུགས་མཛད་སྒོ་མ་འཚོག་གོང་ཀྲེ་ཅང་གི་ས་གནས་ཁག་ནས་ཡོང་བའི་མང་ཚོགས་ཚོས་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པས་ཚོགས་ར་ཡོངས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་དུ་ཕྱིན་ཡོད།

        ཆུ་ཚོད་19དང་སྐར་མ་58ཙམ་ལ《ཞི་བདེ། ལས་དབང་གཅིག་མཐུན་འདུས་གྲུབ》ཅེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཤིན་ཀེ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་སོགས་དང་ལྷན་དུ་ཀྲུའུ་ཞིའི་སྡིངས་ཆར་ཕེབས་ནས་ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གནང་བ་དང་། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།  

        ཆུ་ཚོད་20དང་སྐར་མ་9ཙམ་ལ། ལུས་རྩལ་པ་ལུས་རྩལ་ཐང་དུ་འཛུལ་འགོ་ཚུགས་ཤིང་། 《ང་ཚོའི་ཨེ་ཤེ་ཡའི》ཞེས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་དང་བསྟུན་ནས། རྒྱལ་ཁབ་དང་ས་ཁུལ་45ནས་ཡོང་བའི་ལུས་རྩལ་པའི་འཐུས་མི་ཚོགས་པ་གཅིག་རྗེས་གཉིས་མཐུད་ངང་ལུས་རྩལ་ཐང་དུ་འཛུལ་སྐབས་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། 《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་དཔའ་སེམས་རབ་ཏུ་རྒྱས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་གྲགས་མ་ཐག་མགྲོན་བདག་རྒྱལ་ཁབ་ཀྲུང་གོའི་འཐུས་མི་ཚོགས་པ་ལུས་རྩལ་ཐང་དུ་འཛུལ་བ་དང་། ཞི་ཅིན་ཕིང་གིས་ཡར་བཞེངས་ནས་ཁོང་ཚོར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་ཞུས། ལུས་རྩལ་ཐང་ཡོངས་ནས་དགའ་འབོད་དང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི་1329ཡོད་པ་དང་། དེའི་ནང་འགྲན་བསྡུར་ལ་ཞུགས་མཁན་ལུས་རྩལ་པ་886ཡོད་ཅིང་། ཁོང་ཚོས་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས་38དང་རྣམ་གྲངས་ཆུང་གྲས་407གྱི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

    

        ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་ཝང་ཧའོ་ཡིས་ཤིས་ཚིག་སྒྲོན་སྐབས། སྒྲིག་འཛུགས་ཨུ་ལྷན་དང་ཀྲེ་ཅང་གི་མི་དམངས་ཁྲི་6500ཡི་ཚབ་ཞུས་ནས་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ་ཁོང་ཚོར་འབྲས་བཟང་གཏོད་པ་དང་། ཕུགས་འདུན་འགྲུབ་པ། མཛའ་གྲོགས་ཟབ་ཏུ་འགྲོ་བ། བདེ་སྐྱིད་ཐོབ་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཧང་ཀྲོའུ་རུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་བརྗེད་པར་དཀའ་བའི་ནམ་ཟླ་ཚེ་གང་གི་དྲན་ཤེས་སུ་འགྱུར་རྒྱུའི་སྨོན་འདུན་ཡང་ཞུས་པ་རེད།

        ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ངོ་མཚར་ཆེ་བའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་འགོ་ཚུགས་ཉེར་ཡོད། ང་ཚོས་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཨེ་ཤེ་ཡའི་ལུས་རྩལ་གྱི་ཟིན་ཐོ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འཆར་གཞི་གསར་རྐྱང་ཞིག་མཉམ་དུ་འགོད་དགོས་ཞེས་བརྗོད་པ་རེད། 

    

        ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཤིན་ཀེ་ཡིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་དང་། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་། ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན། ཧང་ཀྲོའུ་ཡི་གྲོང་མི་དང་། དེ་བཞིན་གྲ་སྒྲིག་ལས་དོན་ནང་ཞུགས་མཁན་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་ནས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་བསྔགས་བརྗོད་བྱས་པ་དང་། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཚང་མར་ཚེ་གང་བརྗེད་པར་དཀའ་བའི་དྲན་ཤེས་ཡག་པོ་ཞིག་འཇོག་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    

        ཆུ་ཚོད་21དང་སྐར་མ་53ཙམ་ལ། དཔལ་འབར་གཙོ་བོ་སྤོར་བའི་མཛད་སྒོ་འགོ་ཚུགས་ཤིང་། ཟླ་9ཚེས་8ཉིན་ནས་བཟུང་ཀྲེ་ཅང་གི་ས་གནས་ཁག་ཏུ་བརྒྱུད་སྤྲོད་བྱས་མཐར་ཧང་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འབྱོར་བ་རེད།


འགོ་ཚུགས་མཛད་སྒོའི་པར་རིས་བདམས་བཀོད།