བདེ་ཆེན་དུ་དངོས་མིན་རིག་གནས་ཤུལ་བཞག་ཐད་ཀྱི་སྲོལ་ཡིག་ཅིག་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་9ཚེས་25ཉིན་གྱི་ཕྱི་དྲོ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲོལ་ཡིག་(གཤམ་དུ་བསྡུས་མིང་ལ་སྲོལ་ཡིག་ཅེས་བརྗོད་རྒྱུ་)ཁྱབ་བསྒྲགས་དང་ལག་བསྟར་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁུལ་གསར་འགྱུར་ཁྱབ་བསྒྲགས་ཐིང་དུ་འཚོགས་པ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་སྲོལ་ཡིག་གི་ཁྲིམས་འཛུགས་རྒྱབ་ལྗོངས་དང་། གཏན་འབེབས་བརྒྱུད་རིམ། ནང་དོན་གཙོ་བོ། ལག་བསྟར་དོན་འཁྱོལ་སོགས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཁུལ་རིག་གནས་དང་ཡུལ་སྐོར་ཅུས། ཁུལ་ཁྲིམས་འཛིན་ཅུས་བཅས་ཀྱི་འབྲེལ་ཡོད་མི་སྣས་ས་གནས་ས་ཐོག་ཏུ་སྤྱི་ཚོགས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན།《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲོལ་ཡིག་》2023ལོའི་ཟླ10ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། སྲོལ་ཡིག་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས་རང་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། “བདེ་ཆེན་ཀྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་ལ་བརྟེན་ནས་ཁུལ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”གཏོད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

        སྲོལ་ཡིག་ནང་སྤྱིའི་དོན་ཚན་དང་། བརྟག་དཔྱད་དང་སྲུང་སྐྱོང་། མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་ཐོ་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། རྒྱུན་འཛིན་དང་འཕེལ་རྒྱས། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་སྲུང་སྐྱོང་། འགན་སྲུང་བྱེད་ཐབས། ཁྲིམས་འབྲེལ་ཁུར་འཁྲི། ཞར་བྱུང་དོན་ཚན་བཅས་ཚུད་ཡོད། སྲོལ་ཡིག་ནང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ནུས་ལྡན་བྱེད་པའི་ཐད་རིགས་དབྱེ་སྲུང་སྐྱོང་ལམ་ལུགས་བཙུགས་པ་དང་མངོན་མིན་རིག་གནས་ཤུལ་བཞག་ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་བེད་སྤྱོད་བྱ་ཐབས་སྔར་བས་ཞིབ་ཚགས་སུ་བཏང་བ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མངོན་མིན་རིག་གནས་ཤུལ་བཞག་དེ་བདེ་ཆེན་ཁུལ་གྱི་ཡུལ་སྐོར་གཟུགས་བརྙན་དྲིལ་བསྒྲགས་ཀྱི་ནང་དོན་ནང་བཅུག་ནས་དུས་ཆེན་སྣ་ཚོགས་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ཁྱད་ལྡན་སློབ་ཚན་གཉེར་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་ཡང་བྱས་ཡོད་པ་རེད།