བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(76---80)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    གོ་བདུན་པ། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་ཞིང་། ཁྱིམ་མི་ཚང་མས་འཚོ་བ་སྐྱིད་པོ་རོལ་དགོས། མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དེང་རབས་ཅན་མེད་ན། རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དེང་རབས་ཅན་ཡང་ཡོད་མི་སྲིད། ང་ཚོས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམ་ཅན་ལ་སྐུལ་འདེད་གཏོང་བ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་སྒྱུར་བའི་ནུས་པ་མཐོར་འདེགས་པ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་དྲང་བཞག་སྒོས་མི་རིགས་སོ་སོའི་མི་དམངས་ལ་ཕན་པར་བྱས་ཏེ། མི་རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་མཐོར་འདེགས་དགོས། 

      ——《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་གཉིས་པ་ལས།

 

    གོ་བརྒྱད་པ། “རྒྱུན་འཁྱོངས་བྱེད་དགོས་པ་བཅུ་བཞི”ནི། ཏང་གིས་ལས་དོན་ཡོད་ཚད་ལ་མགོ་ཁྲིད་པ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས། སྤྱི་ཁོག་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་མགོ་ཁྲིད་པ་རྒྱུན་འཁྱོངས། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་བ་རྒྱུན་འཁྱོངས། མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་བར་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏན་ནན་མོས་སྐྱོང་བ་རྒྱུན་འཁྱོངས་བཅས་བྱེད་པ་དེ་ཡིན།

——《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།


    གོ་དགུ་པ། སྐོར་ཞིབ་ལམ་ལུགས་ཕན་ནུས་ལྡན་པ་དང་གོ་ཆོད་པ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། དེ་ནི་ཏང་ནང་གི་ལྟ་རྟོག་དང་མང་ཚོགས་ཀྱི་ལྟ་རྟོག་ཕན་ཚུན་ཟུང་འབྲེལ་བྱས་པའི་ནུས་ལྡན་གྱི་རྣམ་པ་ཞིག་ཡིན་པ་དང་། ཏང་གཅིག་གིས་ཡུན་རིང་ལ་སྲིད་སྐྱོང་བའི་ཆ་རྐྱེན་འོག་ཏང་ནང་ཁུལ་ལྟ་རྟོག་གི་དཀའ་གནད་ཐག་གཅོད་བྱེད་པ་དང་། ང་ཚོའི་ཏང་ལ་མཐའ་གཅིག་ཏུ་ཆོད་སེམས་དང་ནུས་པ་ཡོད་པའི་སྒོ་ནས་རང་ངོས་སུ་གནས་པའི་གནད་དོན་ཐག་གཅོད་ཐུབ་པར་སྟོབས་དང་ལྡན་པས་བདེན་དཔང་བྱས་ཏེ། རང་ངོས་གཙང་སྒྱུར་དང་རང་ངོས་ཆ་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་མངོན་འགྱུར་བྱེད་པ་དེ་ཡིན།  

——《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།


    བརྒྱ་ཐམ་པ། གསར་འགྱུར་དྲིལ་སྒྲོག་ལེགས་པོ་ནི་སྤྱོད་ཚུལ་དང་སྨྱུག་རྩལ་ལེགས་པོ་ལ་བརྟེན་ནས་འགྲུབ་དགོས་ལ། རྐང་པའི་སྟོབས་དང་མིག་གི་སྟོབས། ཀླད་པའི་སྟོབས། སྨྱུག་གུའི་སྟོབས་བཅས་ལེགས་པོ་ལ་བརྟེན་ནས་བྱུང་བ་ཡང་ཡིན། དེ་ནི། ཡིག་ཆ་ལས་བྱུང་རྟོགས་པ་རགས་རམ་ཙམ། །ལག་ལེན་ལས་བྱུང་ཤེས་པ་ཟབ་མོ་ཡིན། ། ཞེས་གསུངས་པ་བཞིན་ཡིན། ལམ་དུ་ཞུགས་ཚེ་སེམས་ལ་དུས་རབས་ཡོད་པ་དང་། གཞི་རིམ་དུ་བསྐྱོད་ན་ཡིད་ངོར་མང་ཚོགས་ཡོད། ཡུལ་དངོས་ནས་ད་གཟོད་སེམས་འགུལ་ཐེབས་ཐུབ། ཆ་འཕྲིན་ཇི་ལྟར་དར་རྒྱུས་བྱུང་བ་དང་རྙོག་འཛིང་ཆེ་ན། ལག་ལེན་དང་གཞི་རིམ་ནི་དེ་ལྟར་ཆེས་ལེགས་པའི་སློབ་ཐུན་དུ་འཛིན་པ་དང་། མང་ཚོགས་ནི་ཆེས་ལེགས་པའི་དགེ་རྒན་དུ་འཛིན་པ། ལུས་པོ་སྒུར་བ་དང་སེམས་པ་རྣལ་ལ་ཕབ་པ། དོན་དངོས་ལ་བརྟག་པ་དང་སྐད་ཆ་ངོ་མ་བརྗོད་པ། བརྩེ་བ་དངོས་མ་བཅངས་པ། བར་སྣང་དུ་མི་གཡེང་བ་དང་ཕྱི་ངོས་ཙམ་ལ་མི་འཁོར་བ། བྱ་ཕོའི་རིན་གོང་མཐོ་བའི་གཏམ་ཐོས་འཕྲལ། བྱ་གག་མཆུ་ཏོ་བརྡར་བའི་ལས་ལ་བརྩོན་པའི་དཔེ་མི་རུང་། མང་ཚོགས་ཀྱི་སྒོ་ཁར་སྐྱོད་པ་སླ་ཡང་། མང་ཚོགས་ཀྱི་སེམས་ཁོང་དུ་བསྐྱོད་པ་དཀའ། དེང་སྐབས། འགྲིམ་འགྲུལ་ཡོ་བྱད་སྔར་ལས་དར་རྒྱས་གོང་འཕེལ་བྱུང་ཡོད་པས། ལེ་བར་སྟོང་གི་མཐའ་མཚམས་སུ་བསྐྱོད་ཀྱང་ཉིན་གཅིག་ལ་ཕྱིར་བསླེབ་ཆོག་པ་དང་ཉིན་གཅིག་ལ་བཀྲ་ཤིས་ཁྲི་སྒོའི་མེ་ཏོག་ལ་བལྟས་ཆོག ཡིན་ན་ཡང་། ཆིབས་སྐྱོད་ལྟ་སྐོར་དང་འཕྱོ་འོད་ཆུ་རིས་ལྟར་བྱེད་མི་རུང་།
——《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ལས།

    

    བརྒྱ་རྩ་གཅིག མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་ཞེས་པ་ནི་མིང་ལ་བརྟེན་ནས་དོན་བསམ་དགོས་པ་ཡིན་ཏེ། དེ་ནི་མི་རིགས་ཚང་མ་དང་རྒྱལ་ཁབ་ཚང་མའི་མདུན་ལམ་ལས་དབང་ཕན་ཚུལ་ལ་དམ་པོར་འབྲེལ་ཡོད་པས། སྐྱིད་སྡུག་མཉམ་མྱོང་དང་ཁེ་གྲགས་མཉམ་ཁུར་ཡིན་འོས་ལ། ང་ཚོ་སྐྱེ་ས་དང་རྒས་སར་གྱུར་པའི་གོ་ལ་འདི་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་མོ་ཞིག་ཏུ་བསྐྲུན་པར་འབད་པ་བྱས་ནས། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་སྨོན་དངོས་ཡོད་དུ་བསྒྱུར་དགོས་པ་དེ་ཡིན།

——《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཏུས་སྒྲིག》ལས།