གློག་བརྙན《གསའ》ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-29   རྩོམ་ཁུངས།    海北祁连山藏文报


    ཉི་ཧོང་གི་རྒྱལ་ས་ཏུང་ཅིན་གྱི་སྤྱི་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཅུ་བཞིའི་ཐོག རེབ་སོ་དྲུག་པའི་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འོས་མིང་དུ་ཚུད་པའི་གློག་བརྙན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་།  དེ་རུ་པདྨ་ཚེ་བརྟན་གྱི་གློག་བརྙན《གསའ》ཚུད་པའི་གནས་ཚུལ་ཐོན་འདུག འདི་ནི་དེ་སྔོན་རེབ་བརྒྱད་བཅུ་བའི་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། རེབ་ཞེ་བརྒྱད་པའི་ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པའི་འཕྲིན་གསར་གྱི་རྗེས་ནས་ཡང་བསྐྱར་རྒྱལ་སྤྱིའིAརིམ་པའི་གློག་བརྙན་དུས་ཆེན་དུ་ཚུད་པའི་གནས་ཚུལ་ཡིན་འདུག

    ཐེངས་འདིའི་བརྙན་ལེན་པ་ནི་བྷིས་ལིས་ཧྲིའི་ན་གཞོན་བརྙན་ལེན་པ་མར་ཐིས་ཡཱ་སི་དང་།  ཁྱད་རྩལ་འཛུབ་སྟོན་པ་ནི་ཀྲང་ཧན་སུའུ་དང་། ཁྱད་རྩལ་སྤྱི་བ་ཀྲང་པའེ་ཕིན། ཧྥང་ཞའོ་པིན་སོགས་ཀྱིས་གྲུབ་པའི་རྒྱལ་ནང་གི་ཁྱད་རྩལ་ལག་རྩལ་རྩེར་སོན་རུ་ཁག་གིས་གློག་བརྙན་འདིའི་མཇུག་གི་ཁྱལ་རྩལ་བཟོ་སྐྲུན་གྱི་ལས་ཀ་ལེགས་པར་བསྐྱངས་འདུག    གློག་བརྙན《གསའ》ནི་འཁྲབ་ཁྲིད་པ་ཁོང་གི་གཏམ་རྒྱུད་གློག་བརྙན་བརྒྱད་པར་ཆགས་འདུག་ལ། དེ་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནས་སྤྱི་ལོ2020ལོའི་ནད་ཡམས་སྐབས་རང་ཁྱིམ་ནས་བྲིས་པའི་གཏམ་རྒྱུད་ཅིག་ཡིན་ཏེ། འཁྲབ་གཞུང་འབྲི་བ་ནས་མཇུག་གི་གློག་བརྙན་བཟོ་སྐྲུན་གྱི་གོ་རིམ་བར་ཏག་ཏག་མི་ལོ་གསུམ་གྱི་དུས་ཚོད་བཏང་པ་ཞིག་རེད།     ཚང་མས་ཤེས་གསལ་ལྟར། གསའ་ནི་འཛམ་གླིང་གི་ཚར་ཉེན་དུ་སླེབས་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། དེ་ནི་བོད་ཀྱི་རིག་གནས་ཁྲོད་གོ་གནས་ངེས་ཅན་ཡོད་པའི་ལྷའི་སྒོ་ཟོག་ལྟ་བུ་ཞིག་ཀྱང་ཡིན་འདུག འོན་ཀྱང་། གློག་བརྙན་འདིའི་ནང་། གསའ་ཞིག་གིས་འབྲོག་པའི་ཁྱིམ་ཚང་ཞིག་གི་ལུག་དགུ་བསད་པའི་གཏམ་རྒྱུད་ཅིག་གཞིར་བཟུང་དེ། ལུག་བདག་དང་སྲུང་སྐྱོབ་ཚོགས་པའི་བར་ལ་རྩོད་ཉོག་རབ་དང་རིམ་པ་བྱས་ཤིང་། མདོར་ན་གསའ་གློད་གྲོལ་བྱ་མིན་ལ་སོ་སོའི་གནས་ལུགས་ཚུགས་པའི་བསམ་བློའི་ལངས་ཕྱོགས་བསྟན་ཡང་། མཇུག་མཐར་ཅི་ཡིན་འདི་ཡིན་མེད་པར་ཕན་ཚུན་ལག་བསྲེས་པའི་ཚད་དུ་ཐོན། གཏམ་རྒྱུད་ཁྲོད་མི་དང་གསའ་ནི་ཕྱི་ངོས་ཀྱི་འགལ་ཟླའམ་ངོས་འཛིན་གཅིག་མཐུན་ཙམ་མ་ཡིན་པར།གསའ་དང་གློག་བརྙན་ཁྲོད་ཀྱི“གསའ་བླ་མ” འི་དངོས་བརྒལ་གྱི་འབྲེལ་སྟངས་དེས། བརྩེ་སེམས་དང་ཕན་ཚུན་རྟེན་འབྲེལ་གྱི་སྣང་བརྙན་ཞིག་བཞེངས་འདུག  
    པདྨ་ཚེ་བརྟན་གྱི་གློག་བརྙན་ཁྲོད་དུ། སྲོག་ཆགས་ནི་མཚན་ཉིད་རིག་པའི་བསམ་བློའི་ལྟ་བ་བརྒྱུད་སྒྲོག་གི་ཡིད་བརྙན་གཙོ་ཤོས་རེད། ཐེངས་འདིར་གསའ་ནི་གཏམ་རྒྱུད་ཀྱི་བརྗོད་བྱར་གྱུར་ཡོད་དེ།  དེ་ཡིས། མཐོ་སྒང་གི་མི་དང་གཅན་གཟན། རང་བྱུང་ཁམས་བར་གྱི་རྟེན་འབྱུང་གི་འབྲེལ་བར་བསམ་གཞིགས་དང་ཚོད་བགམ་བྱས་འདུག  གློག་བརྙན་འདི་ལ་པདྨ་ཚེ་བརྟན་ཁོང་གི་གློག་བརྙན་མཛེས་དཔྱོད་ཀྱི་ཁྱད་ཆོས་ཏེ། རྨི་ལམ་དང་སྙན་ངག་གི་བྲོ་བའི་ཁྱད་ཆོས་སྤྱད་ཡོད་དེ།  གཏམ་རྒྱུད་ཀྱི་དངོས་ཡོད་དང་དངོས་བརྒལ་གྱི་རྣམ་པ་ཚོན་མདོག་དང་སྐྱ་བརྙན་གྱི་རྣམ་པས་བསྐྲུན་འདུག དེ་མིན། གློག་བརྙན་འདི་ནི་པདྨ་ཚེ་བརྟན་ལགས་ཀྱི་གཞི་རྒྱ་ཆེས་ཆེ་བའི་བཟོ་སྐྲུན་དང་། CGལག་རྩལ་སྤྱད་པའི་གློག་བརྙན་ཐོག་མ་ཡིན་འདུག
    ཝེ་ནེ་སིའི་གཟིགས་འབུལ་རྗེས་ནས། ཆེད་མཁས་བརྙན་དཔྱད་པ་མང་པོས་བཤད་རྒྱུར། པདྨ་ཚེ་བརྟན་ལ་གཏིང་ཟབ་པའི་བོད་པའི་རིག་གནས་ཀྱི་མཐོང་ནུས་ཡོད་པའི་མི་ཚད། རྒྱལ་སྤྱིའི་རང་བཞིན་གྱི་གཏམ་རྒྱུད་ཞིབ་བརྗོད་ཀྱི་མཐོང་རྒྱ་ཡང་འདུག མ་རྩ་དམའ་བའི་ཚད་བཀག་གི་བཟོ་སྐྲུན་ལས། CGལག་རྩལ་ཀྱིས་བཟོ་སྐྲུན་བྱས་པའི་གསའ་ནི་གསལ་ཞིང་དྭངས་ལ། གསོན་ཉམས་དོད་པ་ཞིག་རེད་ཟེར།  དེ་མིན། ཆེད་ལས་བརྙན་དཔྱད་སྨྱན་སྦྱོརThe Film Verditལགས་ནས་བཤད་རྒྱུར། གཏམ་རྒྱུད་འདི་ནི་ཞིབ་ཅིང་ཕྲ་ལ། ཡིད་འགུལ་བ། ཕུན་སུམ་ཚོགས་པ་ཞིག་རེད། གློག་བརྙན་འདིའི་དམིགས་བསལ་གྱི་མཐོང་ཚོར་གྱིས་བོད་པའི་རིག་གནས་ཀྱི་ཟབ་ཚད་དང་མཛེས་པའི་ཆ་མངོན་འདུག་ལ། མི་དང་རང་བྱུང་ཁམས་ཀྱི་མཉམ་གནས་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་བསྟད་འདུག་ཟེར།གློག་བརྙན་འདིའི་གཙོ་འཁྲབ་པ་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་དང་མཉམ་འབྲེལ་ཐེངས་མང་བྱས་མྱོང་པའི་བོད་ཀྱི་འཁྲབ་སྟོན་པ་གྲགས་ཅན་སྦྱིན་པ་ཡིན་ལ། ཁོའི་ཡིད་འགུལ་བའི་འཁྲབ་རྩལ་གྱིས་གློག་བརྙན་འདིའི་སྒྱུ་རྩལ་གྱི་མཐོ་རླབས་ངེས་ཅན་ཞིག་ཏུ་བསྟད་འདུག་ཅིང་། མི་སྣ་འདིའི་མི་གཤིས་ཀྱི་ཟུར་མང་པོ་གཏམ་རྒྱུད་ཀྱི་གནས་གཅིག་ཏུ་བསྡུས་འདུག སྦྱིན་པས་བཤད་རྒྱུར། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་སྦྱིན་པ་ནི་མ་གཞི་ནས་བྱམས་སེམས་ཅན་ཞིག་རེད། འོན་ཀྱང་། དངོས་ཡོད་འཚོ་གནས་ཀྱི་ཆེད་དུ་ཁོར་འགན་ཁུར་གྱི་བསམ་བློ་ངེས་ཅན་དགོས་འདུག དེ་མིན། མི་སྣ་འདིའི་དཀའ་ངལ་ནི་མི་གཤིས་ཀྱི་རྙོག་དྲ་དང་འགའ་འདུ་གཅིག་བསྡུས་ཀྱི་སྣང་ཚུལ་ཞིག་ཀྱང་རེད་ཟེར།  དེ་མིན། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་ཐེངས་དང་པོར་མཉམ་འབྲེལ་བྱས་པའི་རྒྱའི་འཁྲབ་སྟོན་པ་ཞོང་ཙི་ཆིས་ནས་བཤད་རྒྱུར། གློག་བརྙན《གསའ》ཡི་ཁྲོད་དུ་འཁྲབ་ཞུགས་བྱ་ཐུབ་ནི་ངའི་མི་ཚེ་འདིའི་བསོད་ནམས་ཤིག་ཏུ་ངོས་འཛིན་གྱིན་ཡོད་ལ།  གློག་བརྙན་འདིའི་མི་དང་སྲོག་ཆགས། རང་བྱུང་ཁམས་བར་གྱི་རྟེན་འབྱུང་གི་འབྲེལ་བ་ནི་ངའི་མི་ཚེ་ཁྲོད་ཀྱི་བསམ་གཞིགས་བྱེད་འོས་པ་ཞིག་རེད་ཟེར། འཁྲབ་སྟོན་པ་ཚེ་བརྟན་བཀྲ་ཤིས་བཤད་རྒྱུར། ངས་བསམ་ན་གློག་བརྙན་འདིས་རང་བྱུང་ཁམས་ཀྱི་བརྩེ་བ་སྟོན་གྱི་ཡོད་པར་འདོད་ལ། དེ་ནི་ཅི་འདྲའི་བླ་ན་མེད་པའི་བརྩེ་བ་ཞིག་རེད་ཨང་ཟེར།
    གློག་བརྙན་འདིར་པའོ་རའོ་ཅིན་དང་ནན་ཅིས། ཀྲུའུ་ལིས་ཆིན། ཀྲིག་ཧའོ། པདྨ་ཚེ་བརྟན། ཀོང་ཡོས་སོགས་ནས་ཕབ་སྐྲུན་པའི་འགན་ཁུར་འདུག་ལ།  ཝང་ལི་ནས་བཟོ་སྐྲུན་པ་དང་། ཚེ་མདོ་ནས་ལག་བསྟར་བཟོ་སྐྲུན་པ། དེ་མིན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་དང་ཚེ་བརྟན་བཀྲ་ཤིས། རྒྱའི་འཁྲབ་སྟོན་པ་ཞོང་ཙི་ཆིས་བཅས་ཀྱིས་གཙོ་འཁྲབ་པའི་འགན་ཁུར་འདུག་པའི་མི་ཚད། དབང་སྒྲོན་མཚོས་ཆེད་ཞུས་འཁྲབ་སྟོན་པའི་འགན་ཡང་ཁུར་འདུག  དེ་མིན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་རྒན་བློ་བཟང་ཆོས་འཕེལ་དང་། ན་གཞོན་གློག་བརྙན་འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས་དང་། ཀུན་བདེ། རྒྱའི་འཁྲབ་སྟོན་པ་ཏང་ཧའོ་ཡོས། བོད་ཀྱི་འཁྲབ་སྟོན་པ་འཇིགས་བྷ། དཀའ་ཐུབ་ཚེ་རིང་། བདེ་ཆེན་གཡང་འཛོམས། འཇུ་ཁྱུང་ཆེན་སོགས་ཡང་རེབ་འདིའི་གློག་བརྙན་ཁྲོད་འཁྲབ་ཞུགས་བྱས་འདུག གློག་བརྙན་འདི་ནི་པེ་ཅིང་ནན་ཅིས་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་། པེ་ཅིང་རིག་ལའེ་ཁའེ་ཁྲང་རིག་གནས་སྨྱན་སྦྱོར་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཧྲིན་ཀྲིན་མཛོ་སྣ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཨེ་ཆིས་ཡིས་གློག་བརྙན་ལས་རིགས་པེ་ཅིང་ཀུང་ཟི། པེ་ཅིང་ཝིན་ཐིག་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། ཧང་ཀྲིག་ཧའེ་ཞིས་གློག་ཆས་ཚོང་དོན་ཚད་ཡོད་ཀུང་ཟི། ཧྲང་ཧའེ་ཧྥང་ཐན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། པེ་ཅིན་ཡུན་ཧྭ་ཧྲི་ཀང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་གྱིས་ཕབ་སྐྲུན་བྱས་ཤིང་། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གློག་བརྙན་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་གཉིས་ནས་བཟོ་སྐྲུན་ལས་ཁུངས་ཀྱི་འགན་ཁུར་ཡོད།