མི་དམངས་ཤོག་སྒོར་སྟེང་གི་རི་མོའི་མཚོན་དོན་དེ་དག་ཁྱེད་ནས་ཤེས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-06   རྩོམ་ཁུངས།    中央广播电视总台藏语

   མི་དམངས་ཤོག་སྒོར་ནི་དམག་འཁྲུག་གི་མེ་ལྕེ་འུར་འུར་འབར་བའི་ལོ་ཟླའི་ཁྲོད་བྱུང་བ་ཞིག་ཡིན།
   མི་དམངས་ཤོག་སྒོར་ཐོན་དང་པོའི་བརྗོད་བྱ་གཙོ་བོ་ནི་ལུག་འཚོ་བ་དང་། ཞིང་རྨོ་བ། རྡོ་སོལ་བླུག་པ། སིང་རས་འཐག་པ་སོགས་བཅིངས་འགྲོལ་ཁུལ་གྱི་བཟོ་ལས་དང་ཞིང་ལས་ཐོན་སྐྱེད་ཀྱི་ནང་དོན་ཡིན་ཞིང་། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གི་སྔ་སྣུར་དུ། བཅིངས་འགྲོལ་ཁུལ་གྱི་དམག་དམངས་ཀྱི་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ཤོག་སྒོར་རེ་རེ་ནི་རྒྱལ་ཁའི་འཕྲིན་བཟང་དང་འདྲ་བར། མི་དམངས་བཅིངས་འགྲོལ་དམག་གང་དུ་རྡོག་ཐོན་བྱས་ཀྱང་དེ་གར་མི་དམངས་ཤོག་སྒོར་འགྲེམས་སྤེལ་བྱས་ཏེ། བཅིངས་འགྲོལ་དམག་འཁྲུག་གི་རྒྱལ་ཁའི་འཕེལ་རིམ་ལ་རམས་འདེགས་དང་། བཅིངས་འགྲོལ་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
   1950ལོར། རྒྱལ་ཡོངས་ཁྱབ་ཁོངས་སུ་འཆར་ལྡན་དཔལ་འབྱོར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། མི་དམངས་ཤོག་སྒོར་ཐོན་གཉིས་པའི་དཔར་བཟོའི་འཆར་གཞིའང་ཉིན་རེའི་ལས་རིམ་དུ་བཅུག་ཡོད། མི་དམངས་ཤོག་སྒོར་ཐོན་གཉིས་པའི་མ་དཔེ་ཇུས་འགོད་བྱེད་སྐབས། ཀྲོའུ་ལིང་ཀྲའོ་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་རང་བཞིན་གྱི་བརྗོད་གཞི་གཙོ་བོ་འདི་དམ་འཛིན་བྱས་ཡོད།
    བརྩོན་པའི་ལས་ལ་འབྲས་བཟང་སྨིན། ཀྲོའུ་ལིང་ཀྲའོ་ཡིས་ཇུས་འགོད་བྱས་པའི་མི་དམངས་ཤོག་སྒོར་ནི་ཀྲུང་གོའི་ཁྱད་ཆོས་འབུར་དུ་ཐོན་ཤོས་དེ་ཡིན་ཞེས་བརྗོད་ཆོག་སྟེ། ཁོང་གིས་ཏུན་ཧོང་ལྡེབས་རིས་སུ་འཁོད་པའི་རྒྱན་གོས་ལྷབ་ལྷུབ་ཏུ་གཡོ་བའི་མཁའ་འགྲོ་མ་མི་དམངས་ཤོག་སྒོར་གྱི་པར་ངོས་སུ་གདན་དྲངས་ཤིང་། ལྷ་མོའི་ལུས་ལ་མནབས་པའི་དར་དཔྱང་དེ་ངོས་ཐང་སྒོར་གསུམ་ཅན་གྱི་མི་དམངས་ཤོག་སྒོར་གྱི་རྒྱབ་ངོས་ཀྱི་མཐའ་སྒྲོམ་དུ་སྤྱད་ཡོད། གནའ་བོའི་ཕོ་བྲང་གི་བརྗིད་ཆགས་ཉམས་དགའི་ཁྲ་གླིང་དེ་ངོས་ཐང་སྒོར་གཉིས་ཅན་གྱི་རྒྱབ་ངོས་ཀྱི་མཐའ་སྒྲོམ་དུ་སྤྱད་ཡོད། མི་རིགས་མཐུན་སྒྲིལ་ཆེ་མོའང་མི་དམངས་ཤོག་སྒོར་ཐོན་གཉིས་པའི་བརྗོད་གཞི་གལ་ཆེན་གྱི་གྲས་ཤིག་ཡིན། མི་རིགས་ལྔ་བཅུ་ང་དྲུག་ནི་རྣམ་པར་བཞད་པའི་མེ་ཏོག་ལྔ་བཅུ་ང་དྲུག་ཡིན་ཞིང་། ཀྲོའུ་ལིང་ཀྲའོ་ཡི་སྨྱུག་རྩེ་ནས་འཁྲུངས་པའི་རི་མོའི་ནང་ཀྲུང་ཧྭ་མི་རིགས་ཁག་གི་བུ་ཕྲུག་ཚོ་གཞིས་ཁྱིམ་གཅིག་ཏུ་འཛོམ་པ་དང་། མི་རིགས་མཉམ་འདྲེས་ཆེ་མོར་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད་པས། མི་དམངས་ཤོག་སྒོར་གྱི་འགན་འཁྲི་དང་ཕུགས་འདུན་ཇི་མ་ཇི་བཞིན་མཚོན་པར་བྱས་ཡོད། 
    དུས་རབས་20པའི་ལོ་རབས་60པར་སླེབས་དུས། ཀྲུང་གོར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་མཐོ་རླབས་ཤིག་འཕྱུར་ཡོད།
    མི་དམངས་ཤོག་སྒོར་ཐོན་གསུམ་པས་སློབ་གསོ་དང་ངལ་རྩོལ་ཟུང་འབྲེལ་གྱི་བཀོད་པ་གཙོ་བོའི་རི་མོ་སྤྱད་ཡོད། ང་ཚོས་འདྲུད་འཐེན་འཁོར་ལོ་གཏོང་མཁན་གྱི་བུད་མེད་ཁ་ལོ་བའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉམས་འགྱུར་དང་། འཕྲུལ་ཆས་བཟོ་སྐྲུན་འཕྲུལ་འཁོར་སྤྱོད་མཁན་གྱི་བཟོ་པས་གནད་སྨིན་ཞིབ་ཚགས་ངང་ལས་དོན་སྒྲུབ་བཞིན་པའི་རྣམ་པ། ངར་ལྕགས་བཙོ་སྦྱངས་བཟོ་པའི་དོ་མེད་སྟོབས་ཤུགས་བཅས་གསལ་པོར་མཐོང་ཐུབ་ཀྱི་ཡོད། རི་མོའི་བཀོད་པ་འདི་དག་ལས་ཞིང་ལས་ཀྱིས་རྨང་གཞི་བྱས་ཤིང་། བཟོ་ལས་ཀྱིས་གཙོ་ཁྲིད་བྱས་པའི་སྐབས་དེ་དུས་ཀྱི་ཀྲུང་གོའི་སྤྱི་ཚོགས་ཀྱིས་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གཏོང་བའི་སྤྱིའི་བྱེད་ཕྱོགས་མངོན་ཡོད་ལ། ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གསར་པ་དང་། ཉམས་འགྱུར་གསར་པ་མཚོན་པར་བྱས་ཡོད།
     1964ལོའི་ཟླ་12པའི་ཚེས་21ཉིན་སྐབས་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་འཚོགས་ཡོད། སྐབས་དེར། མི་དམངས་ཤོག་སྒོར་ཐོན་གསུམ་པ་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱས་དང་བྱེད་མུས་ཡིན་པ་དང་། དེའི་ནང་ཆེས་གལ་ཆེ་བའི་ངོས་ཐང་སྒོར་བཅུ་ཅན་གྱི་བཀོད་རིས་གཙོ་བོ་ད་དུང་བཟོ་བཅོས་རྒྱག་བཞིན་མཆིས། ཡང་ནས་བསྐྱར་དུ་བཟོ་བཅོས་བརྒྱབ་རྗེས། ལས་རིགས་ཁག་གི་འཐུས་མི་དགའ་སྤྲོའི་འཛུམ་མདངས་ཕྱུང་བཞིན་མི་དམངས་ཚོགས་ཁང་ཆེན་མོ་ནས་དོན་པའི་རི་མོའི་མ་ཕྱི་དེ་དངོས་སུ་མི་དམངས་ཤོག་སྒོར་ཐོན་གསུམ་པའི་ངོས་ཐང་སྒོར་བཅུ་ཅན་གྱི་གཙོ་རིས་སུ་གྱུར་ཅིང་། མང་ཚོགས་ཚོས་དགའ་སྣང་ངང་དེར་མཐུན་སྒྲིལ་ཆེ་མོ་ཞེས་འབོད་ཀྱི་ཡོད་པ་རེད།
     དུས་རབས་20པའི་ལོ་རབས་80པར་སླེབས་དུས། བསྒྱུར་བཅོས་སྒོ་དབྱེ་ཡིས་ཀྲུང་གོ་བའི་འཚོ་བར་ཉིན་བཞིན་རྣམ་པ་གསར་པ་ཐོན་དུ་བཅུག་ཡོད། ཀྲོའུ་ལིང་ཀྲའོ་ཡིས་ཡང་བསྐྱར་མི་དམངས་ཤོག་སྒོར་གྱི་ཤོག་ངོས་གཙོ་བོའི་སྤྱིའི་བཀོད་པར་ཇུས་འགོད་གསར་པ་བྱས་ཡོད། ཁོང་གིས་གྲངས་ཉུང་མི་རིགས་ཀྱི་མི་སྣ་གཉིས་རེ་ཁག་གཅིག་ཏུ་བགོས་ནས་ངོས་ཐང་མི་འདྲ་བའི་ཤོག་སྒོར་གྱི་བཀོད་རིས་གཙོ་བོར་སོ་སོར་འཁོད་ཡོད། སྐབས་དེར་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་འགོ་འཛིན་གཞོན་པའི་འགན་བཞེས་བཞིན་པའི་ཧོའུ་དབྱི་རྨིན་གྱི་ངོ་མཚར་ཅན་གྱི་སྨྱུག་རྩེ་ལས། ཉམས་བཟང་རབ་ཏུ་མངོན་པའི་ཀྲུང་ཧྭའི་མི་རིགས་ཁག་གི་མི་སྣ་དག་ཤོག་ངོས་སུ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཞིང་། མི་དམངས་ཤོག་སྒོར་ཐོན་བཞི་པའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
    1999ལོར། མི་དམངས་ཤོག་སྒོར་ཐོན་ལྔ་པ་དངོས་སུ་འགྲེམས་སྤེལ་བྱས་ཤིང་། ངོས་ཐང་མི་འདྲ་དྲུག་གི་མདུན་ངོས་ནི་ཀྲུའུ་ཞི་མའོ་ཙེ་ཏུང་གི་སྐུ་བརྙན་ཡིན་ཞིང་། ཤོག་སྒོར་རྒྱབ་ངོས་ཀྱི་རི་མོར་སྔར་བཞིན་ཀྲུང་གོའི་མཛེས་ཤིང་སྡུག་པའི་རི་ཀླུང་དང་མི་ཆོས་ཀྱི་བཀོད་པ་བེད་སྤྱོད་བཏང་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་གི་ཡིག་འབྲུ་དེ་དག་རྒྱ་ཡིག་དང་། སོག་ཡིག བོད་ཡིག ཡུ་གུར་གྱི་ཡི་གེ ཀྲོང་ཡིག་བཅས་ཡིག་རིགས་ལྔའི་ཐོག་ནས་སོ་སོར་མངོན་ཡོད། མའོ་ཙེ་ཏུང་གི་དབུ་བརྙན་གྱིས་མདུན་ངོས་ཀྱི་བཀོད་རིས་གཙོ་བོར་བྱས་པའི་ངོས་ཐང་སྒོར་བརྒྱ་ཅན་གྱི་མི་དམངས་ཤོག་སྒོར་ཐོག དེ་སྔོན་ཤོག་སྒོར་གྱི་ཚོས་མདོག་ལྗང་ནག་དེ་དམར་པོར་བསྒྱུར་པ་དེ་ནི་ཐོག་མའི་བསམ་འདུན་ཞིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན་པ་དང་། དེ་བས་ཀྱང་མདུན་སྐྱོད་ལམ་བུའི་ཐོག་ཆེས་བཀྲག་མདངས་འཚེར་བའི་ཁ་མདོག་གི་གཞི་མ་དེའང་ཡིན་པ་རེད།
    གལ་སྲིད་དངུལ་ལོར་ནི་འཇིག་རྟེན་གྱི་བྱ་དངོས་མཐའ་དག་གི་རིན་ཐང་འཇལ་བྱེད་ཅིག་ཡིན་ན། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྙེག་བྱེད་པ་ནི་གཞལ་དུ་མེད་པའི་བྱ་དངོས་འབའ་ཞིག་དེའོ།།