ཁའི་ཟགས་རལ་བྱུང་ན་ཁོག་ཚ་ཡོད་པའི་ངེས་པ་མེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-07   རྩོམ་ཁུངས།    མསོ་སྔོན་བོད་ཡིག་ཚགས་པར།


ཁའི་ཟགས་རལ་ནི་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རྒྱུན་དུ་མཐོང་བའི་ཁ་སྦུག་གི་ནད་ཅིག་ཡིན་ལ། ཁོག་ཚ་བརྒྱབ་པའི་དབང་གིས་ཁ་ལ་ཟགས་རལ་བྱུང་སོང་ཞེས་པའི་བཤད་ཚུལ་ཞིག་རྒྱུན་དུ་གོ་ཐུབ། ཡིན་ནའང་དོན་དངོས་སུ་ཁའི་ཟགས་རལ་གྱི་འབྱུང་རྐྱེན་ནི་ཁོག་ཚ་བརྒྱབ་པ་ཡིན་པའི་ངེས་པ་མེད་པར། དེ་ལ་རྒྱུ་རྐྱེན་མང་པོ་ཡོད་པ་སྟེ།
ཁའི་ཟགས་རལ་གྱི་འབྱུང་རྐྱེན།
    གཅིག ཁ་སྦུག་ལ་རྨ་ཁ་ཐེབས་པ། སོ་ཤད་སྲ་མོ་བཀོལ་སྤྱོད་བྱས་པ་ལས་ཁ་སྦུག་ལ་བྲད་རྨས་ཕོག་པ་དང་ཡང་ན་སོ་བཏབ་པ་སོགས་ཀྱི་ཕོག་ཐུག་ཐེབས་ན།  ཁའི་ཟགས་རལ་འབྱུང་སླ།
    གཉིས། རིམས་འགོག་མ་ལག་གི་གནད་དོན། རིམས་འགོག་ནུས་པ་འཁྲུགས་པ་དང་ཡང་ན་ནད་འགྱུར་བྱུང་བ་སྟེ། དཔེར་ན་ཟུངས་ཁྲག་ཟད་པ་དང་། འཚོ་རྒྱུB12དང་ལྕགས་དང་ལོ་མ་སྐྱུར་སོགས་ཀྱིས་མི་འདང་བ། ཁྲག་རིལ་དཀར་པོའི་ནད་བྱུང་བ་སོགས་ཀྱིས་ཁའི་ཟགས་རལ་འབྱུང་བའི་ཉེན་ཁ་ཇེ་མཐོར་གཏོང་བ་རེད།
    གསུམ། ཁ་སྦུག་རེད་པ། ཁ་སྦུག་རེད་པ་དང་ནང་སྒོས་སུ་ནད་དུག་དང་ཕྲ་སྲིན་གྱི་དབང་གིས་རེད་པ་སྟེ། དཔེར་ན་ཆུར་འབྲུམ་ནད་དུག་དང་ཕྲེང་བརྒྱུད་ནད་དུག་སོགས་ཀྱིས་ཁའི་ཟགས་རལ་སློང་བ་རེད།
    བཞི། བཟའ་བཏུང་གི་རྒྱུ་རྐྱེན། ནུས་དྲོད་མཐོ་བ་དང་ཁ་ཚ་བ། ཟས་རིགས་རྩུབ་པོ་དང་སྐྱུར་ཟས་སོགས་མང་པོ་བཟའ་བ་དང་། དེ་ལས་གཞན་ད་རུང་ཆང་དང་ཁོ་ཧྥེ་སོགས་ཕོག་ཐུག་རང་བཞིན་གྱི་བཏུང་བྱ་མང་པོ་འཐུང་ན། ཁའི་ཟགས་རལ་འབྱུང་སླ།
    ལྔ། སེམས་ལ་གནོན་ཤུགས་ཆེ་བ་དང་སེམས་འཚབ་པ། དུས་ཡུན་རིང་པོར་སེམས་ལ་གནོན་ཤུགས་ཆེ་བ་དང་སེམས་འཚབ་པ་སོགས་བྱུང་སྟེ་སེམས་ཁམས་སྐྱིད་པོ་མ་ཡོང་ན། རིམས་འགོག་མ་ལག་གི་བྱེད་ནུས་ལ་ངན་ཤུགས་ཐེབས་ཏེ། ཁའི་ཟགས་རལ་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ།
ཁའི་ཟགས་རལ་གྱི་བཅོ་ཐབས།
    གཅིག ཁའི་ཟགས་རལ་མང་པོ་ཞིག་གཟའ་འཁོར་གཅིག་ནས་གཉིས་ཀྱི་ནང་རང་བཞིན་གྱིས་དྲག་སྐྱེད་འབྱུང་བས། ཆེད་དུ་གསོ་བཅོས་བྱེད་མི་དགོས། དེའི་སྐབས་སུ་ཁ་སྦུག་ལ་གཙང་སྦྲ་ཡག་པོ་དང་བཟའ་བཏུང་གི་གོམས་སྲོལ་ཡག་པོ་རྒྱུན་འཁྱོངས་བྱས་ཏེ། ཕོག་ཐུག་ཅན་གྱི་ཟས་རིགས་དང་བཏུང་བྱ་མི་བསྟེན་པར་འཚལ།
    གཉིས། དུས་བཅད་ལྟར་ཚྭ་ཆུས་ཁ་ནང་བཤལ་ན་ཕྲ་སྲིན་བསད་དེ་རེད་པའི་ཉེན་ཁ་ཇེ་ཆུང་དུ་འགྲོ་ལ། དུས་མཚུངས་སུ་ཁ་སྦུག་གི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས། སྲིན་འགོག་ནུས་པ་ཡོད་པའི་ཁ་བཤལ་ཆུ་སྤྱད་དེ་ན་ཟུག་ཇེ་ཆུང་དུ་གཏོང་བ་དང་ཟགས་རལ་དྲག་སྐྱེད་འབྱུང་བར་སྐུལ་དགོས།
    གསུམ། ཟགས་རལ་གྱི་སྟེང་དུ་རེད་པ་འགོག་པ་དང་གཉན་ཚད་འཇོམས་པའི་སྨན་བླུག་སྟེ། ན་ཟུག་གཅོག་པ་དང་དྲག་སྐྱེད་འབྱུང་བར་འབད་དགོས།
    བཞི། གལ་ཏེ་ཁའི་ཟགས་རལ་གྱི་དབང་གིས་ན་ཟུག་ཆེན་པོ་ལངས་ན། སྨན་ཐོ་མི་དགོས་པའི་སྦྲིད་སྨན་དང་ཆ་ཤས་སྦྲིད་སྨན་སྤྱད་དེ་ན་ཟུག་གཅོག་དགོས།
    ལྔ། ཡང་ནས་བསྐྱར་དུ་འབྱུང་བའམ་ཡང་ན་ཚབས་ཆེ་བའི་ཁའི་ཟགས་རལ་ལ་སྲ་ཕྲུན་དང་ཡང་ན་གཉན་ཚད་འཇོམས་པའི་སྨན་རྫས་གཞན་པ་བསྟེན་ཆོག
མདོར་ན་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁའི་ཟགས་རལ་བྱུང་བ་ནི་ཁོག་ཚ་བརྒྱབ་པའི་རྟགས་སུ་ངོས་འཛིན་མོད། འོན་ཀྱང་དོན་དངོས་སུ་ཁའི་ཟགས་རལ་ལ་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་པས། ཁ་སྦུག་གི་གཙང་སྦྲར་དོ་སྣང་ལེགས་པོ་བྱེད་པ་དང་། འཚོ་བའི་གོམས་སྲོལ་ལེགས་པོ་རྒྱུན་སྲུང་བྱེད་པ། ཕོག་ཐུག་ཅན་གྱི་ཟས་རིགས་དང་བཏུང་བྱ་མི་བསྟེན་པ་བཅས་བྱེད་དགོས་ལ། དེ་ལས་གཞན་ད་རུང་སེམས་ཁམས་སྙོམས་སྒྲིག་ལེགས་པོ་བྱས་ན། ཁའི་ཟགས་རལ་འབྱུང་བ་འགོག་ཐུབ། །