རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
གསར་འགོད་པས་ཁུལ་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་མཆོད་དང་རྒྱལ་སྟོན་གྱི་གུང་གསེང་རིང་རང་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་128.98ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་85.71%འཕར་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་116560.22ཟིན་པ་དེ་དུས་མཚུངས་ལས་140.76%འཕར་ཡོད་པ་རེད། ་དུས་ཆེན་གཉིས་ཀྱི་གུང་གསེང་རིང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་བརྟན་བརླིང་བྱུང་ཡོད།
ཟླ་མཆོད་དང་རྒྱལ་སྟོན་གུང་གསེང་རིང་སྟག་མཆོང་གྲོག་རོང་ནས་པོ་ཏ་མཚོ་དང་། དགའ་ལྡན་སུམ་རྩེན་གླིང་གི་ཡུལ་སྐོར་ལམ་ཐིག་ལ་རྒྱ་ཆེའི་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད། ཟླ་10ཚེས་6ཉིན་བར་པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་63304ལ་སྣེ་ལེན་ཞུས་པ་དང་། སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་73763ལ་སྣེ་ལེན་ཞུས་ཡོད། སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་86491ལ་སྣེ་ལེན་ཞུས་ཡོད། སྨན་རི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་38939ལ་སྣེ་ལེན་ཞུས་ཡོད་པ་དང་། འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་10152བཅས་སྣེ་ལེན་ཞུས་ཡོད།
ཟླ་མཆོད་དང་རྒྱལ་སྟོན་གུང་གསེང་གཉིས་རིང་། རང་ཁུལ་གྱིས་རིག་གནས་ཡུལ་སྐོར+གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། མཚན་མོའི་དཔལ་འབྱོར་དང་ཡུལ་སྐོར་འཁྲབ་སྟོན་སོགས་ཡུལ་སྐོར་གྱི་ལས་རྣམ་གསར་པ་དེ་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་བྱ་ཡུལ་གསར་པ་དང་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།
ཟླ་10པའི་ཚེས་1ཉིན་ནས་ཚེས་4ཉིན་བར། རང་ཁུལ་གྱིས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སེམས་ཀྱི་ཉི་ཟླར་བསྟོད་དབྱངས་འབུལ་ཞེས་པའི་སྤྱི་པའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། ཉིན་ལྟར་གྱི་ཕྱི་དྲོའི་ཆུ་ཚོད་2དང་ཕྱེད་ཀ་ནས་དགོང་མོའི་ཆུ་ཚོད་10པ་བར་མཇུག་འགྲིལ་གྱི་ཡོད། ཕུལ་བྱུང་དམངས་ཁྲོད་ཀྱི་གཞས་པའི་འགྲན་བསྡུར་ཐེངས་3དང་། དགའ་སྤྲོ་འཁོལ་བའི་ཐང་ཆེན་ཞབས་བྲོའི་འཁྲབ་སྟོན་ཐེངས་4 མི་སྣ་གྲགས་ཅན་གྱི་འཁྲབ་སྟོན་དགོང་ཚོགས་ཐེངས3 བྱ་དགའ་སྤྲོད་པའི་མཚན་ཚོགས་ཐེངས་1བཅས་གཉེར་བ་རེད། བྱེད་སྒོ་སྤེལ་རིང་། ས་གནས་དེ་གའི་གཞས་པ་དང་རོལ་དབྱངས་ལ་དགའ་པོ་བྱེད་མཁན་ཚོས་སྙན་འཇེབས་ཀྱི་དབྱངས་རྟ་རེ་རེར་བརྟེན་ནས་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་མི་རིགས་ཁག་གི་རིག་གནས་མངོན་པར་བྱས་པ་དང་། ཉིན་བཞི་ཡི་བྱེད་སྒོ་ལས་ཡུལ་སྐོར་བ་དང་མང་ཚོགས་མི་ཐེངས་ཁྲི་20ཙམ་ལ་ཕན་པ་ཐོབ་ཡོད། རང་ཁུལ་གྱི་སྤྱི་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་དང་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་མ་ཐེབས་ཡོད།
སེམས་ཀྱི་ཉི་ཟླའི་ཞི་མཐུན་མཆོད་རྟེན་ཉིས་བརྩེགས་དང་ཐག་ཉེ་སར་ཡོད་པའི་ཁ་དོག་སྣ་ལྔའི་ཁ་བཏགས་བོད་བྲོ་འཁྲབ་སྟོན་སྤྱི་གླིང་དེ་ཟླ་9པའི་ཚེས་29ཉིན་སྒོ་ཕྱེས་པའི་ཚུན་དུ། ཚོན་མདོག་རྣམ་པར་བཀྲ་བའི་གློག་འོད་དང་། བོད་དབྱངས་ཞབས་བྲོ་བཅས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི3ལྷག་བཀུགས་པ་དང་། འཁྲབ་སྟོན་ཐེངས16བྱས་ཡོད། སྤྱི་གླིང་དེ་ནི་བོད་ཀྱི་རིག་གནས་དང་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཉམས་ལེན་བྱ་སའི་ཁྲོམ་གཞུང་གསར་པ་ཞིག་ཏུ་གྱུར་ཡོད།
ཡུལ་སྐོར་བ་མཉམ་འདུས་བྱུང་སའི་མཛེས་ལྗོངས་ཁུལ་དང་། མགྲོན་ཁང་། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་ཡུལ། ཐང་ཆེན་སོགས་སུ་ཁུལ་རིག་གནས་ཡུལ་སྐོར་ཅུས་དང་ཐད་གཏོགས་ཚན་པའི་ལས་དོན་མི་སྣ་200ལྷག་ཙམ་གྱིས་ཡུལ་སྐོར་བར་ཡུལ་སྐོར་བློ་འདྲི་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སོགས་ཀྱི་དང་བླངས་ཞབས་ཞུ་བྱས་ནས་མཛེས་ལྗོངས་ཁུལ་གྱི་ཡ་རབས་ཁ་ཏ་སློབ་སྟོན་དང་། འགྲིམ་འགྲུལ་ཁྲིད་སྟོན། སྒྲིག་ལམ་སྲུང་སྐྱོང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། བདེ་འཇགས་དྲན་སྐུལ། ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་སོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ཡོད་པ་རེད།
རྒྱ་ཆེའི་ཡུལ་སྐོར་བས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཁུལ་མི་དམངས་སྲིད་གཞུང་དང་། ཁུལ་རིག་གནས་ཡུལ་སྐོར་ཅུས། སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེ་མོ། ཀྲུང་གོ་སྒུལ་བདེ་བདེ་ཆེན་ཡན་ལག་ཀུང་སི་སོགས་སྡེ་ཁག་གིས་ཡུལ་སྐོར་བར་རིན་མི་དགོས་པར་རླངས་འཁོར་འཇོག་སའི་ཆུ་ཚོད་24ཡི་འཇོག་ས་མཁོ་འདོན་བྱས་ཡོད།